འབྲུག་ལས་ ཨོ་ལིམ་རྩེད་འགྲན་ནང་ བཅའ་མར་གཏོགས་པར་འགྱོ་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༧ པ་ལས་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་སྤྱིའི་རྩེད་རིགས་འགྲན་བསྡུར་ནང་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ འབྲུག་ལས་ མདའ་རྩེད་དང་ རྩལ་རྐྱབ་ནི་ ཀྲོབ་མདའ་ཚ་གཏད་ནི་ དེ་ལས་ སྐེད་བཤེད་རྐྱབ་མི་ཚུ་ གཏང་ནིའི་འཆར་གཞི་ཡོད་རུང་ ད་ལྟོ་ཚུན་ མདའ་རྐྱབ་མི་ཨམ་སྲུ་༡ དང་ རྩལ་རྐྱབ་མི་ཕོ་སྐྱེས་༡ གཏན་འཁེལ་སོང་ཡོདཔ་ཨིན་པས།

མདའ་རྐྱབ་མི་ ཀརྨ་གིས་ ཇ་པཱན་ཊོ་ཀིའོ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་སྤྱིའི་རྩེད་རིགས་འགྲན་བསྡུར་ནང་ བཅའ་མར་གཏོགས་པར་ འགྱོ་ནིའི་དོན་ལུ་ ཐོབ་སྐལ་ཡོད་མི་ལུ་བརྟེན་ཨིན་པས།

ཨིན་རུང་ མོ་གིས་ མདའ་རྐྱབ་པའི་སྐབས་ ཉུང་ཤོས་སྐུགས་༦༡༥ འཐོབ་དགོ་ནི་དེ་གིས་ སྤྱི་ཟླ་༥ པའི་ཚེས་༡༧ ལས་༢༤ ཚུན་ སུའི་ཛར་ལེནཌ་ལུ་ འགྲན་བསྡུར་འབད་བར་ འགྱོ་ནི་ཨིན་པས།

ཀརྨ་གིས་ བེང་ཀོག་ལུ་སྦེ་ འགྲན་བསྡུར་འབད་དགོཔ་ཨིན་རུང་ ནད་ཡམས་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ལས་ གོ་སྐབས་འཐོབ་མ་ཚུགས་པའི་ཁར་ རྒྱ་ནག་གི་ འགྲན་བསྡུར་ནང་ཡང་ བཅའ་མར་གཏོགས་མ་ཚུགས་ཟེར་ཨིན་པས།

འབྲུག་ཨོ་ལིམ་པིག་ཚོགས་སྡེ་ལས་ ལས་རིམ་འགོ་དཔོན་ འཇམ་དབྱངས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གལ་སྲིད་ ཀརྨ་གིས་ ཉུང་མཐའི་སྐུགས་འཐོབ་མ་ཚུགས་པ་ཅིན་ ཧེ་མ་ལས་ སྐུགས་ཀྱི་ཚད་གཞི་ཐོབ་སྡོད་མི་ བསོད་ནམས་སྒྲོལ་མ་ གཏང་ནི་ཨིན་ཟེར་ཨིན་པས།

རྩལ་རྐྱབ་ནིའི་ནང་ ཀུན་ལེགས་ལྷུན་གྲུབ་དང་ ཡང་ཅིན་ སངས་རྒྱས་བསྟན་འཛིན་༢ ལས་ གང་རུང་ཅིག་ གདམ་ཁ་རྐྱབ་ནི་ཨིནམ་ད་ ཁོང་༢ ཆ་ར་ ཐའེ་ལེནཌ་ལུ་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།

སྐེད་བཤེད་རྐྱབ་མི་དང་ ཀྲོབ་མདའ་ཚ་གཏད་མི་ཚུ་ཡང་ རྩེད་འགྲན་ནང་ བཅའ་མར་གཏོགས་ཚུགས་ནིའི་དོན་ལུ་ ཡི་གུ་བཙུགས་ཡོདཔ་ལས་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེ་གིས་ སྤྱི་ཟླ་༦ པའི་ནང་ གཏན་འཁེལ་བཟོ་ནི་མས་ཟེར་ཨིན་པས།

ཚོགས་སྡེ་གིས་ བཅའ་མར་གཏོགས་མི་ཚུ་ རྒྱལ་སྤྱིའི་འགྲན་བསྡུར་ འགོ་མ་བཙུགས་པའི་བདུན་ཕྲག་༣ གྱི་ཧེ་མར་ གཏང་ཞིནམ་ལས་ འགོ་འབྱེད་ལས་རིམ་གྱི་དོན་ལུ་ སྦྱོང་བརྡར་འབད་ནི་ཨིནམ་ལས་ འབྲུག་ལས་ མི་ངོམ་༡༠ དང་༡༢ ཀྱིས་ བཅའ་མར་གཏོགས་ཚུགས་ཟེར་ཨིན་པས།

འབྲུག་གིས་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་སྡེ་ནང་ སྤྱི་ལོ་༡༩༨༤ ལས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཝ་ཡེལ་ཀཱཊ་ ཨེན་ཊི་རི་ལས་སྦེ་ གོ་སྐབས་ཐོབ་ཡོདཔ་ད་ དེ་ཡང་ མདའ་དང་ ཀྲོབ་མདའ་རྐྱབ་མི་ཚུ་ཨིན་པས།

ཇ་པཱན་ ཊོ་ཀིའོ་ལུ་ འགོ་འདྲེན་འཐབ་མི་ རྒྱལ་སྤྱི་རྩེད་རིགས་འགྲན་བསྡུར་ནང་ རྒྱལ་ཁབ་༢༠༦ ལས་ རྩེད་འགྲན་འབད་མི་གྲངས་༡༠,༠༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *