འབྲུག་རྒྱལ་ཡོངས་ཨམ་སྲུའི་ བཱསི་ཀེཌ་བཱོལ་སྡེ་ཚན།

འབྲུག་རྒྱལ་ཡོངས་ཨམ་སྲུའི་ བཱསི་ཀེཌ་བཱོལ་སྡེ་ཚན་ མཱལ་ལྡིབསི་ལུ་ འཕུར་འགྲུལ་འབད་ཡོདཔ།

༉ འབྲུག་རྒྱལ་ཡོངས་ཨམ་སྲུའི་ བཱསི་ཀེཌ་བཱོལ་སྡེ་ཚན་གྱིས་ ལྷོ་ཨེ་ཤི་ཡཱན་བཱསི་ཀེཌ་ཚོགས་པའི་ ཨམ་སྲུའི་བཱསི་ཀེཌ་བཱོལ་ རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཁ་ཙ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ མཱལ་ལྡིབསི་ལུ་ འཕུར་འགྲུལ་འབད་ཡོདཔ་ཨིན་པས།

ལྷོ་ཨེ་ཤི་ཡཱན་བཱསི་ཀེཌ་ཚོགས་པ་གིས་ འགོ་འདྲེན་འཐབ་མི་ ཨམ་སྲུའི་བཱསི་ཀེཌ་བཱོལ་འགྲན་བསྡུར་དེ་ ད་རེས་ཀྱི་ཟླཝ་ནང་ མཱལ་ལྡིབསི་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།

འབྲུག་རྒྱལ་ཡོངས་ ཨམ་སྲུའི་བཱསི་ཀེཌ་སྡེ་ཚན་གྱིས་ སྤྱི་ལོ་༢༠༡༦ ལུ་ ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་གྲུའི་ རྒྱལ་སྤྱི་བཱསི་ཀེཌ་བཱོལ་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་གིས་ དྲག་ཤོས་ཨང་༤ པ་ ཐོན་ཡོདཔ་ཨིན་པས།

ཟླཝ་༩ པའི་ཚེས་༢༦ ལུ་ འབྲུག་རྒྱལ་ཡོངས་ཨམ་སྲུའི་སྡེ་ཚན་གྱིས་ ཤྲི་ལངྐའི་རྒྱལ་ཡོངས་ཨམ་སྲུའི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་དང་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ ནེ་པཱལ་ དེ་ལས་ སྤྱི་ཟླ་༩ པའི་ཚེས་༢༩ ལུ་ མཱལ་ལྡིབསི་ཨམ་སྲུ་སྡེ་ཚན་དང་ དོ་འགྲན་འབད་ནི་ཨིནམ་མ་ཚད་ རྒྱ་གར་དང་ བང་ལ་དེཤ་གི་ ཨམ་སྲུ་སྡེ་ཚན་ཚུ་དང་གཅིག་ཁར་ཡང་ རྩེད་འགྲན་འབད་ནི་ཨིན་པས། 

འབྲུག་བཱསི་ཀེཌ་ཚོགས་པ་གིས་ རྒྱལ་ཡོངས་ཨམ་སྲུའི་ རྩེད་འགྲན་པ་ཚུ་ རྩེད་འགྲན་གྱི་དོན་ལུ་ སྦྱོང་བརྡར་དང་ སྤུས་ཚད་ཚུ་ གོང་འཕེལ་བཏང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མཱལ་ལྡིབསི་ རྒྱལ་ཡོངས་ཨམ་སྲུའི་བཱསི་ཀེཌ་བཱོལ་སྡེ་ཚན་གྱིས་ ཨེ་ཤི་ཡཱན་རྒྱལ་ཁབ་ཚུ་དང་ བཱསི་ཀེཌ་འགྲན་བསྡུར་འབད་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ་མ་ཚད་ མི་ལེ་ཤ་གི་གདོང་ཁར་ རྩེད་འགྲན་འབད་ཚུགས་ནི་ཨིནམ་ལས་ དཔའ་ཉམས་ཡོདཔ་སྦེ་ གནས་ཚུལ་གྲོས་འཛོམས་ཅིག་ནང་ བཤད་དེ་འདུག།

མཱལ་ལྡིབསི་གི་ སྡེ་ཚན་གྱིས་ འདས་པའི་ལོ་ཚུ་ནང་ གཞན་རྒྱལ་ཁབ་ཀྱི་ སྡེ་ཚན་ཚུ་དང་ དོ་འགྲན་འབད་བའི་སྐབས་ རྒྱབ་སྐྱོར་འབད་མི་མེདཔ་སྦེ་ རྩེད་འགྲན་འབད་དགོཔ་ཐོན་ནི་དེ་གིས་ གྲུབ་འབྲས་ལེགས་ཤོམ་འཐོན་མ་ཚུགས་རུང་ དུས་ཅི་ ཁོང་རའི་རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ཡོདཔ་ལས་ མི་ཚུ་གིས་ རྒྱབ་སྐྱོར་འབད་བའི་ རེ་བ་ཡོད་ཟེར་ཨིན་པས།

ཨམ་སྲུའི་བཱསི་ཀེཌ་བཱོལ་ རྩེད་འགྲན་དེ་ སྤྱི་ཟླ་༩ པའི་ཚེས་༢༦ ལས་༣༠ ཚུན་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *