འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ འགོ་འཛིན་ཚུ་ལུ་ སློབ་སྟོན་མེན་པའི་འཐུས་ བརྒྱ་ཆ་༤༥ འཐོབ་ནི།

༉ གཞུང་གིས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ འགོ་འཛིན་ཚུ་གི་དོན་ལུ་ སློབ་སྟོན་མེན་པའི་འཐུས་དང་ཁེ་འཐུས་ བརྒྱ་ཆ་༤༥ ཡར་སེང་གི་ གནང་བ་གྲུབ་ནུག། 

སློབ་སྟོན་མེད་པའི་འཐུས་དང་ ཁེ་འཐུས་ཚུ་ཡང་ ལས་བྱེདཔ་ཚུ་གི་དོན་ལུ་མེན་པར་ གཙུག་ལག་སློབ་སྡེའི་ གཙོ་འཛིན་འོག་མ་དང་ མཐོ་རིམ་སློབ་གྲྭ་༡༡ གི་ གཙོ་འཛིན་ཚུ་ དེ་ལས་ གཙུག་ལག་སློབ་སྡེའི་ གཙོ་འཛིན་འོག་མའི་ ཡིག་ཚང་གི་ མདོ་ཆེན་ཚུ་གི་དོན་ལས་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༡ ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙུག་ལག་གཙོ་འཛིན་ཡིག་ཚང་གིས་  གསལ་བསྒྲགས་བཏང་མི་དང་འཁྲིལཝ་ད་ གཞུང་གིས་ གཙུག་ལག་གཙོ་འཛིན་དང་ མདོ་ཆེན་ དེ་ལས་ མཐོ་རིམ་སློབ་གྲྭ་ཁག་གི་ གཙོ་འཛིན་ཚུ་ལུ་ ཧེ་མ་ལས་ བརྒྱ་ཆ་༡༥ ཐོབ་མིའི་འཐུས་དང་ ཁག་འབགཔ་འཐུས་བརྒྱ་ཆ་༣༠ བརྩིས་ཏེ་ སློབ་སྟོན་མེན་པའི་འཐུས་ བརྒྱ་ཆ་༤༥ གནང་བ་གྲུབ་ཡོདཔ་ལས་ བསྡོམས་ཀྱིས་བརྒྱ་ཆ་༧༥ འཐོབ་ནི་ཨིན་པས།

གཞུང་གིས་ གཙོ་འཛིན་ཚུ་གི སྒྲིག་གཡོག་གཞུང་འཁོར་ཚུ་ འཕྲུལ་ཨམ་ནུས་ཤུགས་༢,༥༠༠ སི་སི་ལས་མ་བརྒལཝ་ ཡང་ཅིན་ གློག་ཤུགས་སྣུམ་འཁོར་ཚུ་ ཚབ་བཙུགས་འབད་འོང་ཟེར་ གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ དངོས་གྲུབ་རྡོ་རྗེ་གིས་ རྟགས་བཀོད་ཐོག་ལས་བཏང་མི་ གསལ་བསྒྲགས་ནང་བཀོད་ནུག།

དེ་བཟུམ་སྦེ་ གཙོ་འཛིན་ཚུ་གི་ སྡོད་ཁྱིམ་ཚུ་ཡང་ ཉམས་བཅོས་འབད་ནི་ཨིནམ་ད་ གལ་སྲིད་ འཐུས་ལུ་བརྟེན་ མ་དངུལ་མ་ལང་པ་ཅིན་ གཙུག་ལག་སློབ་སྡེ་གིས་ར་ གཏང་དགོཔ་བཞིན་དུ་ གསལ་བསྒྲགས་དེ་ཡང་ སྤྱི་ལོ་༢༠༢༠ ཟླ་༧ པ་ལས་ བསྟར་སྤྱོད་འབད་ཡོདཔ་ལས་ དེ་དང་འཁྲིལ་ཏེ་ སྤྲོད་ལུས་ཚུ་ཡང་ བྱིན་འོང་ཟེར་བཀོད་ནུག།

ཨིན་རུང་ སློབ་སྟོན་མེན་པའི་ ལས་བྱེདཔ་གཞན་ཚུ་ཡང་ དབྱེ་ཁག་ནང་ ཚུད་དེ་ཡོདཔ་ལས་ གཙོ་འཛིན་དང་ མདོ་ཆེན་ དེ་ལས་ གཙུག་ལག་གཙོ་འཛིན་བཟུམ་སྦེ་ སློབ་སྟོན་མེན་པའི་འཐུས་ཚུ་ འདྲ་མཉམ་འཐོབ་དགོཔ་འདུག་ཟེར་ཨིནམ་ད་ ད་རེས་ སློབ་སྟོན་པ་མེན་པའི་ ལས་བྱེདཔ་ཚུ་གིས་ རང་སོའི་ཤེས་ཚད་དང་ གོ་གནས་དང་འཁྲིལ་ཏེ་ འཐུས་བརྒྱ་ཆ་༡༥ བྱིན་དོ་ཡོདཔ་ཨིན་པས།

གཙུག་ལག་གཙོ་འཛིན་འོག་མ་ དངོས་གྲུབ་རྡོ་རྗེ་གིས་ གནད་དོན་དེ་གི་སྐོར་ལས་ དོགས་སེལ་འབད་མིའི་ནང་ མ་གཞི་ འཐུས་དེ་ སློབ་སྟོན་པ་མེན་མི་ཚུ་གི་དོན་ལུ་མེན་ཟེར་ཨིནམ་ད་ ཧེ་མ་ ལས་བྱེདཔ་ག་ར་གིས་ འདྲ་མཉམ་སྦེ་ གཙུག་ལག་སློབ་སྡེའི་འཐུས་ བརྒྱ་ཆ་༡༥ རེ་ ཐོབ་ཨིན་རུང་ ཉོགས་བཤད་ཐོན་མི་ལུ་བརྟེན་ བཞག་དགོཔ་བྱུང་ཡི་ཟེར་ བཤདཔ་ཨིན་པས།

དེ་གི་ཤུལ་ལས་ སློབ་སྟོན་འབད་མི་ ལས་བྱེདཔ་ཚུ་ རང་སོའི་ལོ་གྲངས་དང་འཁྲིལ་ཏེ་ བརྒྱ་ཆ་༧༥ ཚུན་ སློབ་སྟོན་གྱི་འཐུས་དང་ སློབ་སྟོན་པ་མེན་པའི་ ལས་བྱེདཔ་ཚུ་གིས་ འཐུས་བརྒྱ་ཆ་༡༥ རེ་ ཐོབ་དོ་ཡོདཔ་ཨིན་པས།

གཙོ་འཛིན་ཚུ་ལུ་ སློབ་སྟོན་གྱི་འཐུས་ མེདཔ་བཟོ་མི་ལུ་བརྟེན་ ལེགས་སྦྱར་བ་དང་ གཙུག་ལག་ལེགས་སྦྱར་བ་ཚུ་གིས་ དངུལ་ཕོགས་ཚུ་ གཙོ་འཛིན་ལས་ལྷག་སྟེ་ ཐོབ་ཡོདཔ་ལས་ གཙོ་འཛིན་མང་ཤོས་ཅིག་གིས་ ལོག་སློབ་སྟོན་གྱི་ ཁྱད་རིག་ནང་ འགྱོ་ནི་སྦེ་ བསམ་འཆར་བཀོད་ཅི་ཟེར་ དངོས་གྲུབ་རྡོ་རྗེ་གིས་ བཤདཔ་ཨིན་པས།

དེ་འབདཝ་ལས་ གཙོ་འཛིན་ཚུ་ལུ་ སེམས་ཤུགས་བྱིན་ཐབས་ལུ་ འཐུས་ཡར་སེང་འབད་ཡོདཔ་ད་ མཐོ་རིམ་སློབ་གྲྭ་ཚུ་ནང་ འགོ་ཁྲིདཔ་དེ་ གལ་ཅན་ཅིག་ཨིན་མི་དེ་ཡང་ ཁོང་གིས་ ཁྱད་པར་སྦོམ་བཟོ་ཚུགསཔ་ལས་ གཙུག་ལག་སློབ་སྡེ་གིས་ གཞུང་ལུ་ གྲོས་འདེབས་ཕུལ་མི་ལུ་ གཞི་བཞག་སྟེ་ ཆ་འཇོག་འབད་ཡི་ཟེར་ བཤདཔ་ཨིན་པས།

གཙུག་ལག་གཙོ་འཛིན་འོགམ་གིས་འབད་བ་ཅིན་ ལེགས་སྦྱར་བ་གོངམ་ཚུ་ལུ་ སློབ་སྟོན་གྱི་འཐུས་དང་ འདྲན་འདྲ་བཟོ་ནིའི་དོན་ལུ་ འཐུས་ཡར་སེང་གི་ གྲོས་འཆར་བཙུགས་ཅི་ཟེར་ཨིནམ་ད་ ལེགས་ཤོམ་སྦེ་ བལྟ་བ་ཅིན་ ཧེ་མ་ལས་ བཏོན་བཏང་མི་ འཐུས་དེ་ར་ཨིན་ཟེར་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མདོ་ཆེན་ལ་ལོ་ཅིག་ སློབ་སྟོན་འབད་ནིའི་ ཁྱད་ཆོས་ཚང་སྟེ་ཡོདཔ་ལས་ ཁོང་ར་ འགྱོ་དགོ་མནོ་བ་ཅིན་ འགྱོ་ཆོག་ཟེར་ཨིནམ་ད་ འཐུས་འདྲ་མཉམ་སྦེ་ བྱིན་ནིའི་དོན་ལུ་ གཙུག་ལག་སློབ་སྡེ་གིས་ ད་ལྟོའི་འཐུས་ བརྒྱ་ཆ་༣༠ གུ་ ད་རུང་ བརྒྱ་ཆ་༣༠ ཐེབས་ཡར་སེང་འབད་དགོཔ་སྦེ་ ཞུ་བ་འབད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱིར་བཏང་གཙུག་ལག་སློབ་སྡེའི་ ལས་བྱེདཔ་ཚུ་གིས་ གཞུང་གི་ ལས་སྡེ་གཞན་ཚུ་དང་ཕྱདཔ་ད་ བརྒྱ་༡༥ འཐུས་མངམ་ཐོབ་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *