འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་ ད་རུང་ ཟླཝ་༡༥ འཕྲོ་མཐུད་གནང་ནི།

༉ ཞབས་དྲུང་སྐུ་མཆོད་ཀྱི་ དུས་དྲན་བརྩི་སྲུང་ཞུཝ་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་དེ་ ད་རུང་ ཟླཝ་༡༥ ཕར་འགྱངས་འབད་ནིའི་ གསལ་བསྒྲགས་གནང་མི་དེ་ སང་ཕོད་ སྤྱི་ཟླ་༤ པ་ཚུན་ འཕྲོ་མཐུད་འཐོབ་ཚུགས་ནི་ཨིན་པས།

གསལ་བསྒྲགས་དེ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སེམས་རྟོགས་ཁ་རྫོང་ནང་ལས་སྦེ་ རྒྱལ་ཡོངས་ལུ་ རྒྱལ་རབས་ཅན་གྱི་ གསལ་བཤད་གནང་པའི་སྐབས་ གསུངས་ཡི།

བློན་ཆེན་གྱིས་ གསུངས་མིའི་ནང་ རྒྱལ་ཡོངས་སེམས་ཤུགས་མ་དངུལ་གྱི་ ལས་བྱེད་ཚོགས་ཆུང་གིས་ སེམས་ཤུགས་མ་དངུལ་དེའི་དོན་ལུ་ མ་དངུལ་ཚུ་ཡང་ གཞུང་གི་འཆར་དངུལ་དང་ ནང་འཁོད་ལས་བསྐྱི་ནི་ དེ་ལས་ མང་ཕྱོགས་གོང་འཕེལ་དངུལ་ཁང་ཚུ་ནང་ལས་ སྐྱིན་འགྲུལ་ལེན་ནིའི་ཐབས་ལམ་ཚུ་ བཏོན་ཡི་ཟེར་ཨིན་པས།

ཨིན་རུང་ མི་དབང་མངའ་ཞབས་མཆོག་གིས་ མ་དངུལ་དེ་གིས་ དཔལ་འབྱོར་དང་ གཞུང་གི་གོང་འཕེལ་འཆར་གཞི་དང་ ལས་འགུལ་ཚུ་ལུ་ ཐོ་ཕོག་མ་བཅུག་པར་ བཞག་དགོ་པའི་ བཀའ་སློབ་གནང་ཡི་ཟེར་ཨིན་པས།

གཞུང་གི་ འཆར་དངུལ་ནང་ལས་བཏོན་པ་ཅིན་ འཆར་གཞི་༡༢ པའི་དོན་ལུ་ དམིགས་གཏད་བསྐྱེད་མི་ མ་དངུལ་ལུ་ ཐོ་ཕོག་ནི་ཨིནམ་ད་ ནང་འཁོད་དངུལ་འབྲེལ་གཙུག་སྡེ་ཚུ་ནང་ལས་ སྐྱིན་འགྲུལ་ལེན་པ་ཅིན་ དེ་གིས་ སྒེར་སྡེ་ག་ར་ གནས་སྟངས་ཅིག་ནང་འཛུལ་ཏེ་ ནད་ཡམས་ཀྱིས་ཐོ་ཕོག་མི་དཔལ་འབྱོར་དེ་ ཡར་འཐོན་འབད་ནི་ལུ་ གནོད་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ ཕྱི་ལས་སྐྱིན་འགྲུལ་ལེན་པ་ཅིན་ རྒྱལ་ཡོངས་ཀྱི་ བུ་ལོན་ཡར་སེང་སོང་སྟེ་ མ་འོངས་པའི་མི་རབས་ལུ་ དཀའ་ངལ་ཅན་གྱི་ གནས་སྟངས་བཟོ་ནི་ཨིནམ་ལས་ ཐབས་ལམ་དེ་ཚུ་ ནད་ཡམས་ཀྱི་གནས་སྟངས་དེ་ ཚབས་ཆེན་ནང་ལྷོད་ནི་དང་ དཔལ་འབྱོར་ཡར་འཐོན་དེ་ ཡུན་རིངམོ་སྦེ་ར་ལུས་ནི་དང་ དཀའ་ངལ་ཚུ་ སེལ་ཐབས་གཞན་མེད་པའི་ དུས་ཚོད་ནང་ལྷོདཔ་ད་ ལག་ལེན་འཐབ་དགོ་ཟེར་བཀོད་ནུག།

དེ་འབདཝ་ལས་ ད་ལྟོའི་གནས་སྟངས་ནང་ ནད་ཡམས་ཞི་ནིའི་ རེ་བ་བསྐྱེད་དོ་ཡོད་རུང་ ཐབས་ལམ་ཚུ་ག་ར་ གྲ་སྒྲིག་འབད་དེ་ སྡོད་དགོ་ཟེར་ཨིན་པས།

དེ་འབདཝ་ལས་ མི་དབང་མཆོག་གིས་ འཕྲོ་མཐུད་མ་དངུལ་དེ་ མི་དབང་མངའ་ཞབས་མཆོག་གི་ སྐྱིད་སྡུག་མ་དངུལ་དང་ སྲུང་སྐྱོབས་མ་དངུལ་ནང་ལས་ གནང་ནིའི་བཀའ་རྒྱ་གནང་སྟེ་ཡོད་ཟེར་ ཨིན་པས།

མི་དབང་མཆོག་གི་ རྒུད་གསོའི་སྐྱིད་སྡུག་མ་དངུལ་དེ་ མི་སྡེ་དེ་ ཉེན་སྲུང་ཅན་དང་ དཀའ་ངལ་ནང་མ་ལུསཔ་སྦེ་ བཞག་ཐབས་ལུ་ འབྲུག་མི་སྟོང་ཕྲག་ལས་བཅད་མི་ཚུ་གི་དོན་ལུ་ གནང་སྟེ་ཡོདཔ་ཨིན་པས།

སྲུང་སྐྱོབས་མ་དངུལ་དེ་ མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ གནས་སྟངས་དེ་བཟུམ་ཐོནམ་ད་ ལག་ལེན་འཐབ་ནིའི་དོན་ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ཉེན་སྲུང་དང་ རང་དབང་རང་བཙན་སྲུང་ཐབས་ལུ་ ན་གཞོན་ཚུ་གི་དོན་ལུ་ མ་རྩ་གཞི་བཙུགས་འབད་དགོ་ཟེར་ གསུངས་ཏེ་ཡོདཔ་ད་ དེ་ཐུགས་ཁར་བསྣམས་ཏེ་ མི་དབང་མཆོག་གིས་ སྐྱིད་སྡུག་མ་དངུལ་དང་ སྲུང་སྐྱོབས་མ་དངུལ་གཉིས་ཆ་ར་ རྒྱལ་སྲུང་ལས་རིམ་དོན་ལུ་ཡང་ ཁས་ལེན་གནང་ཡོདཔ་ཨིན་པས།

ཨིན་རུང་ མི་དབང་མཆོག་གིས་ མ་དངུལ་དེ་ ད་ལྟོ་ དུས་ཚོད་ལཱ་ཁག་ལྷོདཔ་ད་ རྒྱལ་ཡོངས་ཀྱི་ གལ་ཆེ་བའི་ལས་འགུལ་བ་ལྷགཔ་སྦེ་ འབྲུག་མི་ཚུ་གི་ བདེ་སྐྱིད་ཁག་ཆེཝ་ལས་ དེ་གི་དོན་ལུ་ ལག་ལེན་དགོ་པའི་ བཀའ་སློབ་གནང་ཡོདཔ་ཨིན་པས།

འབྲུག་རྒྱལ་པོའི་ རྒུད་གསོའི་སྐྱིད་སྡུག་མ་དངུལ་དེ་ ན་ཧིང་ སྤྱི་ཟླ་༡༢ པ་ལས་ དུས་ཅི་ སྤྱི་ཟླ་༣ པ་ཚུན་ འཕྲོ་མཐུད་གནང་ཡོདཔ་ཨིན་པས།

གསལ་བསྒྲགས་དེ་ལུ་ སྐྱིད་སྡུག་ཐོབ་མི་མ་ཚད་ མ་འཐོབ་མི་ཚུ་ཡང་ མི་དབང་མཆོག་གིས་ རྒྱལ་རབས་ཅན་གྱི་མཛད་བྱ་ མཛད་གནང་མི་ལུ་བལྟ་སྟེ་ ཡིད་རངས་ཚད་མེད་བྱུང་ཡོདཔ་ཨིན་པས།

སྐྱིད་སྡུག་དེ་གིས་ ནད་ཡམས་ལུ་བརྟེན་ ཧེ་མ་ལས་ དཀའ་ངལ་བྱུང་ཡོད་མི་ཚུ་ལུ་ རྒྱ་ཆེ་དྲགས་སྦེ་ ཕན་ཐོགས་འབྱུང་ནི་ཨིན་པའི་ཁར་ སྒེར་སྡེ་དང་ སྐྱིན་འགྲུལ་སྦོམ་ལེན་ཡོད་མི་ཚུ་ལུ་ ཕན་སྦོམ་ཐོགས་ནི་ཨིན་པས།

མི་མང་གིས་ མི་དབང་མཆོག་ལུ་ དགའ་ཚོར་སྦོམ་བསྐྱེད་ནིའི་ གཞི་ཅིག་ལུ་གྱུར་ཡོདཔ་ལས་ ལ་ལོ་ཅིག་གིས་ གསལ་བསྒྲགས་གནང་ཚརཝ་ཅིག་ བསྟོད་པ་དང་གཅིག་ཁར་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ བཙུགས་ནི་འགོ་བཙུགས་ནུག།

མི་སྡེ་བརྡ་བརྒྱུད་ནང་ ཡོངས་གྲགས་ཡོད་མི་ ཝང་ཅ་སངས་རྒྱས་ཀྱིས་ སྐྱིད་སྡུག་དེ་གིས་ སྐྱིད་སྡུག་ཕོག་མི་བཟའ་ཚང་དང་ ལཱ་གཡོག་མེད་མི་ ལེ་ཤ་ཅིག་ལུ་ ཕན་ཐོགས་ནི་ཨིན་པའི་ཁར་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ལས་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ ཁེ་ཕན་འཐོབ་ནི་ཨིནམ་ལས་ མི་དབང་མཆོག་ལུ་ དགའ་ཚོར་ཡོད་ཟེར་ བྲིས་ནུག།

དེ་བཟུམ་མའི་ སྐྱིད་སྡུག་མ་དངུལ་ གཞི་བཙུགས་གནང་མི་དེ་ དུས་ཚོད་ད་རེས་བཟུམ་ཅིག་ནང་ ཕན་ཐོགས་ནི་ཨིན་པའི་ སྔོན་གཟིགས་མཁྱེན་ནུག་ཟེར་ བཀོད་ནུག།

སྒེར་སྡེ་ནང་ལཱ་འབད་མི་ དཀོན་མཆོག་གིས་ བཤད་མིའི་ནང་ མོ་ར་ ད་ལྟོ་ཡང་ ལཱ་གཡོག་ཏན་ཏན་ཅིག་ མ་འཐོབ་པར་ཡོདཔ་ལས་ སྐྱིད་སྡུག་དེ་གིས་ མོ་གི་བཟའ་ཚང་ལུ་ ཕན་སྦོམ་ཐོགས་ནི་ཨིནམ་ལས་ མི་དབང་མཆོག་ལུ་ ཧིང་ལས་ར་ བཀྲིན་དགའ་ཚོར་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *