འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་དེ་ དགོས་མཁོ་ཅན་དང་ དཀའ་སྡུག་བྱུང་མི་ཚུ་ལུ་ཨིནམ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༤ ལས་འགོ་བཙུགས་ ཟླཝ་༡༥ འི་རིང་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ འཕྲོ་མཐུད་དེ་ར་ གནང་ནི་སྦེ་ བཀའ་རྒྱ་གནང་མི་དེ་ སྔར་མེད་པའི་ ལས་རིམ་ཅིག་ཨིན་མས།

དེ་བཟུམ་མའི་ གཏོང་ཕོད་ཅན་གྱི་སྒོ་ལས་ སྐྱིད་སྡུག་གནང་མི་གིས་ དཔལ་འབྱོར་གོང་འཕེལ་དང་ འཆར་གཞི་༡༢ པའི་ ལས་སྣ་ཚུ་ལུ་ འབྱེམ་ཕོག་ནི་དང་ རྒྱལ་ཡོངས་ཀྱི་ བུ་ལོན་ཡར་སེང་འགྱོ་ནི་ཨིན་རུང་ མི་དབང་མངའ་ཞབས་མཆོག་གིས་ མི་སེར་ཕུད་རྡོག་གཅིག་ཡང་ དཀའ་སྡུག་ནང་ སྡོད་ནི་མེདཔ་ ངེས་བརྟན་བཟོ་ཐབས་ལུ་ སྐྱིད་སྡུག་འཕྲོ་མཐུད་གནངམ་ཨིན་མས།

གཞུང་གི་སྤྱི་མཛོད་ལུ་ ཐོ་མི་ཕོག་ནིའི་དོན་ལུ་ སྐྱིད་སྡུག་དེ་ཡང་ རྒྱལ་ཡོངས་སེམས་ཤུགས་མ་དངུལ་ལས་ གནང་ནི་ཨིན་མས།

ཟླ་རིམ་འོང་འབབ་རྒྱབ་སྐྱོར་དང་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྐྱེད་སྤྲོད་ནིའི་ སྐྱིད་སྡུག་ཁག་༢ སྦེ་ གནང་མི་དེ་གིས་ མངའ་བདག་རྒྱལ་པོའི་བང་མཛོད་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་ནི་ཨིན་མི་དེ་ཡང་ ན་ཧིང་ སྤྱི་ཟླ་༤ པ་ལས་འགོ་བཙུགས་ དུས་ཅི་ སྤྱི་ཟླ་༣ པ་ཚུན་ ལོ་༡ གི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡༡.༠༦ སྐྱིད་སྡུག་ཐོག་ལས་ སྐྱེད་སྤྲོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༩.༡༨ དེ་ རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ལས་དང་ དངུལ་ཀྲམ་ཐེར་འབུམ་༡.༨༨ དེ་ དངུལ་འབྲེལ་ལས་ཁང་ཚུ་གིས་ རྒུད་འབག་ནུག།

ཨིན་རུང་ མི་དབང་མངའ་བདག་རྒྱལ་པོའི་ དགོངས་བཞེད་དེ་ ནད་ཡམས་ཀོ་བིཌ་-༡༩ གིས་ ཐོ་ཕོག་མི་ཚུ་གི་ དཀའ་ངལ་དང་ གདོང་ལེན་མར་ཕབ་འབད་ཐབས་ལུ་ སྐྱིད་སྡུག་འཕྲོ་མཐུད་གནང་དགོཔ་སྦེ་ཨིན་མས།

ཀོ་བིཌ་-༡༩ ལུ་བརྟེན་ གནོད་སྐྱོན་བྱུང་མི་ཚུ་གི་ ལྷན་ཐབས་སྦེ་ རྒྱལ་ཁབ་མང་ཤོས་ཅིག་ནང་ དངུལ་འབྲེལ་སྲིད་བྱུས་ཚུ་ ལག་ལེན་འགོ་བཙུགས་ཡོད་རུང་ འབྲུག་ལུ་ མ་འདྲཝ་སྦེ་ཡོད་མི་དེ་ཡང་ མངའ་བདག་རྒྱལ་པོའི་སྐྱིད་སྡུག་མ་དངུལ་དང་ སྲུང་སྐྱོབ་མ་དངུལ་༢ ལས་ དཀའ་ངལ་སེལ་ཐབས་འབདཝ་ཨིན་མས། 

མི་དབང་མཆོག་གི་ དགོངས་འཆར་དེ་ དྭངས་གསལ་ཡོད་མི་དེ་ཡང་ དཀའ་སྡུག་བྱུང་བའི་ དུས་ཚོད་ནང་ རྒྱལ་ཡོངས་ལས་འགུལ་ཚུ་ལས་ གལ་ཆེཝ་སྦེ་ མི་སེར་ཚུ་གི་ དཀའ་ངལ་སེལ་ནི་ལུ་ གཙོ་རིམ་བཟུང་སྟེ་ རྒྱབ་སྐྱོར་གནང་ནི་དེ་ཨིནམ་ད་ སྐྱིད་སྡུག་ལུ་ བརྟེན་སྡོད་མི་དང་ སྐྱིད་སྡུག་མ་ཞུ་མི་གཉིས་ཆ་ར་གིས་  སྐྱིད་སྡུག་གི་དུས་ཡུན་ ཡར་སེང་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཞུཝ་ཨིན་མས།

སྐྱིད་སྡུག་ལས་རིམ་དེ་གིས་ དཀའ་ངལ་བྱུང་མི་རྐྱངམ་གཅིག་ རྒྱབ་སྐྱོར་འབད་ནི་མེན་པར་ དངུལ་བརྙ་བསྐྱི་འབད་མི་ཚུ་ལུ་ཡང་ སྐྱེད་སྤྲོད་མ་དགོ་པའི་ ཁེ་ཕན་འབྱུང་ནི་ཨིན་པས།

གཞུང་དང་ལས་འཛིན་ནང་ ལཱ་འབད་མི་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ཡོདཔ་ལས་ ནད་ཡམས་ཀྱིས་ གནོད་པ་མ་བྱུང་རུང་ སྐྱིད་སྡུག་ནང་ ཚུད་དེ་ཡོད་པའི་ཁར་ ཚོང་འབྲེལ་སྦོམ་འཐབ་མི་ཚུ་ཡང་ སྐྱིད་སྡུག་ཐོབ་སྟེ་ཡོདཔ་ལས་ ཆུ་ཡོད་སར་ ཆརཔ་རྐྱབ་དོ་བཟུམ་ཅིག་ཨིན་མས།

ལ་ལོ་གིས་ སྐྱིད་སྡུག་ཐོབ་མི་ལུ་བརྟེན་ རིན་ཐང་ཆེ་བའི་ སྣུམ་འཁོར་ཚུ་ མཁོ་སྒྲུབ་འབད་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ རྒྱུ་དངོས་དང་ ཚོང་འབྲེལ་ཚུ་ནང་ མ་རྩ་བཙུགས་པའི་ཁར་ ནད་ཡམས་ཐོན་ཏེ་འབད་རུང་ འབྲུགཔ་ཚུ་གིས་ སྣུམ་འཁོར་གསརཔ་ཉོ་ནི་ བཤོལ་བཞག་མ་བཏུབ་པས།

སྐྱིད་སྡུག་གི་ དམིགས་དོན་དེ་ར་ ཁ་སྐོམ་མི་ལུ་ ཆུ་བྱིན་ནི་དང་ བཟའ་ནི་འཐུང་ནི་མེད་པར་ འཚོ་སྐྱོང་གི་ དཀའ་ངལ་བྱུང་མི་ལུ་ རྒྱབ་སྐྱོར་འབད་ཐབས་ལུ་ཨིན་རུང་ འབྱོར་པ་ཅན་དང་ དངུལ་ཕོགས་ཡོད་མི་ཚུ་གིས་ར་ སྐྱིད་སྡུག་ཞུ་ཞུཝ་སར་ སྡོད་པ་ཅིན་ རྒྱལ་ཁམས་ཀྱི་ སྤྱི་མཛོད་དང་ མངའ་བདག་རྒྱལ་པོའི་སྐྱིད་སྡུག་མ་དངུལ་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་ནི་དང་ མཐའན་མཇུག་ལུ་ སྐྱིད་སྡུག་ངེས་བདེན་ཕོག་མི་ཚུ་གིས་ སྐྱིད་སྡུག་མ་ཐོབ་འགྱོ་ནིའི་ ཉེན་ཁ་ཡོད།

ནད་ཡམས་སྐབས་ རྒྱལཔོ་དང་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ནི་ཟེར་རུང་ དྲང་བདེན་ཐོག་ལས་ཕྱག་སྟེ་ ནད་ཡམས་ལས་ གོ་སྐབས་ལེན་ཐོག་ལས་ འོང་འབབ་བཟོ་ནི་མི་འོང་།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *