འབྲུག་རྒྱལ་གཞུང་ཉེན་སྲུང་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་བགྲེསཔ་གི་ བཤེར་ཡིག་ཆ་མེད་གཏང་དགོ་པའི་ཞུ་བ།

༉ འབྲུག་རྒྱལ་གཞུང་ཉེན་སྲུང་ལས་འཛིན་གྱི་ ཁྲིམས་དོན་ངོ་ཚབ་ ཕུརཔ་རྡོ་རྗེ་གིས་ ཁ་ཙ་ ཐིམ་ཕུག་ཞི་རྩོད་ཁྲིམས་ཁྲི་ནང་ ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ བསོད་ནམས་རྡོ་རྗེ་ ལཱ་གཡོག་ནང་ལས་ དགོངས་ཞུ་བཏང་ཡོད་པའི་ བཤེར་ཡིག་བཙུགས་མི་དེ་ གཞི་ཁུངས་མེདཔ་ལས་ ཕྱིར་འབུད་གནང་དགོ་པའི་ ཞུ་བ་ཕུལ་ཡི།
རྩོད་ཟླ་བསོད་ནམས་རྡོ་རྗེ་གིས་ ལས་འཛིན་གྱི་ བཀོད་ཚོགས་ཀྱིས་ ཁོ་ར་ ལཱ་གཡོག་ནང་ལས་ ཁྲིམས་འགལ་ཐོག་ དགོངས་ཞུ་འབད་བཅུག་ཡོད་ཟེར་ སྤྱི་ཟླ་༢ པའི་ཚེས་༩ ལུ་ ཁྲིམས་འདུན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
ལས་འཛིན་གྱི་ ཁྲིམས་དོན་ངོ་ཚབ་ ཕུརཔ་རྡོ་རྗེ་གིས་ ཞུ་མིའི་ནང་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༦ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལས་འཛིན་ལུ་ བསོད་ནམས་རྡོ་རྗེ་ཁོ་ར་ དགོངས་ཕོག་གཏང་དགོ་པའི་ ཡི་གུ་ལྷོད་པའི་ཤུལ་ལས་ དེ་གི་ནངས་པ་ར་ དགོངས་ཕོག་བཏང་ཡི་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་ཚར་བའི་ཤུལ་ལས་ ལས་འཛིན་ལུ་ སྤྱི་ཟླ་༡ པའི་ཚེས་༢༩ ལུ་ བདག་སྐྱོང་དང་འབྲེལ་བའི་ ཉེས་ཆད་བཀལ་དགོ་པའི་སྐོར་ ཡི་གུ་ལྷོད་ཡོདཔ་ཨིན་པས།
བཀོད་ཚོགས་ཀྱིས་ གནད་དོན་དེའི་སྐོར་ལས་ ཞལ་འཛོམས་ཐེངས་གསུམ་འཚོགས་ཏེ་ རྩོད་རྩ་ཁོ་ར་ལུ་ཡང་ དོགས་སེལ་འབད་ནིའི་ གོ་སྐབས་བྱིན་ཡོདཔ་མ་ཚད་ བསོད་ནམས་རྡོ་རྗེ་གིས་ ལས་འཛིན་གྱི་ ལས་གཡོག་པའི་ བཅའ་ཡིག་དང་སྒྲིག་གཞི་ དེ་ལས་ ཀུན་སྤྱོད་རྣམ་གཞག་ལས་ འགལ་ཡོད་པའི་ཁར་ ལྷག་པར་དུ་ སྤྱི་ལོ་༢༠༡༦ ལོའི་ བཅའ་ཡིག་དང་ སྒྲིག་གཞི་གི་དོན་ཚན་༡༢.༢ ལས་ འགལ་ཡོདཔ་སྦེ་ མངོན་གསལ་བྱུང་ནུག་ཟེར་ ཕུརཔ་རྡོ་རྗེ་གིས་ ཞུ་ཡི།
བསོད་ནམས་རྡོ་རྗེ་དེ་ ངེས་པར་དུ་ དགོངས་ཞུ་གཏང་ནིའི་ཐད་ལུ་ བཀའ་རྒྱ་མ་བཏོན་པའི་ཧེ་མར་ རྩོད་རྩ་གིས་ སྤྱི་ཟླ་༡ པའི་ཚེས་༡༨ ལུ་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ནིའི་ ཡི་གུ་བཙུགས་་མི་དེ་ནང་ཡང་ བཀོད་ཚོགས་ཀྱིས་ ཁོ་ལུ་ དོགས་སེལ་འབད་ནིའི་ གོ་སྐབས་བྱིན་མི་ལུ་ དགའ་ཚེར་ཡོད་ལུགས་ བཀོད་དེ་ཡོད་ཟེར་ ལས་འཛིན་གྱི་ ཁྲིམས་དོན་ངོ་ཚབ་ཀྱིས་ ཞུ་ཡི།
སྤྱི་ཟླ་༡ པའི་ཚེས་༢༠ ལུ་ བཀོད་ཚོགས་ཀྱིས་ ད་རུང་ ཞལ་འཛོམས་འཚོགས་ཏེ་ བསོད་ནམས་རྡོ་རྗེ་དེ་ དགོངས་ཞུ་ངེས་པར་དུ་ གཏང་ནི་སྦེ་ གྲོས་ཐག་བཅད་ཡོད་མི་ལུ་ཡང་ རྩོད་རྩའི་ཁ་ཐུག་ལས་ ངོས་ལེན་འབད་ཡི་ཟེར་ཞུ་ཡི།
ཨིན་རུང་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གིས་ ངོས་ལེན་འབད་འབདཝ་ མེད་པའི་ཁར་ ཁོ་ལུ་ ཉེས་འཛུགས་ག་ཅི་ར་ བཀལ་ཡོདཔ་ཨིན་ནའི་སྐོར་ ག་ནི་ཡང་ ཁ་གསལ་སྦེ་ མ་ཤེས་ཟེར་ཨིན་པས།
བསོད་ནམས་རྡོ་རྗེའི་ རྒྱབ་མི་གིས་ ཁྲིམས་དང་འཁྲིལཝ་ད་ རྩོད་རྩ་ལུ་ ཉེས་འཛུགས་ག་ཅི་ར་ ཡོདཔ་ཨིན་ན་ཚུ་ ཤེས་བཅུག་སྟེ་ དོགས་སེལ་འབད་བཅུག་དགོ་ཟེར་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༩ ལུ་ བཀོད་ཚོགས་ལུ་ ཡི་གུ་བྲིས་མི་དེ་ནང་ དགོངས་ཞུ་བཏང་མི་ འགོ་འཛིན་༢ དང་ ལས་འཛིན་གྱི་ འགོ་དཔོན་གཞན་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་དམ་སྒྲིང་ལེན་དགོཔ་སྦེ་བཀོད་ནུག།
དེ་ཡང་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་ ནུབ་རི་མ་རྩ་སྒེར་སྡེ་༢ ཀྱི་བར་ན་ ཚུལ་དང་མ་མཐུནམ་སྦེ་ མ་དངུལ་འཛུགས་སྤྱོད་འབད་བའི་ རྩོད་དོན་དང་ ཤེས་རབ་རལ་གྲི་འབྲིང་རིམ་སློབ་གྲྭ་ལུ་ མ་རྩ་བཙུགས་མི་ དེ་ལས་ ཚུལ་མིན་གྱི་ ཉེན་བཅོལ་ཐོབ་བརྗོད་བཀོད་པའི་ ཁ་ཉེས་ཚུ་དང་ འབྲེལ་བ་ཡོད་མི་ལུ་བརྟེན་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ བཀོད་ཚོགས་ཀྱིས་ ཁོ་ལུ་ བདག་སྐྱོང་དང་འབྲེལ་བའི་ གནད་དོན་དང་ མ་དངུལ་བཙུགས་ཡོད་པའི་སྐོར་ལས་ དྲི་བ་དག་པ་ཅིག་བཀོད་ཡོད་རུང་ ཁོ་ལུ་ ཉེས་ཆད་བཀལ་ནིའི་སྐོར་ ག་ནི་ཡང་ མ་སླབ་པའི་ཁར་ ཉེས་འཛུགས་ཚུ་ལུ་ དོགས་སེལ་འབད་ནིའི་ གོ་སྐབས་མ་བྱིནམ་མ་ཚད་ ཁོ་རའི་ཐོབ་ཐངས་ཚུ་ཡང་ མ་བྱིན་པར་བཞག་སྟེ་ཡོད་ཟེར་ཨིན་པས།
ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ བཀོད་ཁྱབ་མདོ་ཆེན་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གཉིས་ཀྱིས་ བདག་སྐྱོང་དང་འབྲེལ་བའི་ འཐུས་ཤོར་སྦོམ་བྱུང་ཡོད་མི་ལུ་བརྟེན་ ཁོང་གཉིས་ ལཱ་གཡོག་ནང་ལས་ དགོངས་ཞུ་གཏང་ནིའི་ ཐག་བཅད་ནུག་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ ཁོ་རའི་འགན་ཁུར་ཚུ་ རྩིས་སྤྲོད་ལེན་འབད་མ་བཏུབ་མི་དེ་གིས་ ལས་འཛིན་གྱི་ ལཱ་འབད་ནི་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་ ཁྲིམས་འདུན་གྱིས་ རྩོད་གཞི་དེ་ ཕྱིར་འབུད་འབད་གནང་ཟེར་ ཁྲིམས་དོན་ངོ་ཚབ་ཀྱིས་ ཞུ་ཡི།
ཕུརཔ་རྡོ་རྗེ་གིས་ རྩོད་རྩའི་འགན་གྲོལ་བཀའ་རྒྱ་བཏོན་པའི་ཤུལ་ལས་ ཞག་གྲངས་༡༠ ནང་འཁོད་ལུ་ མཐོ་གཏུགས་འབད་དགོཔ་ཨིན་རུང་ ཁོ་གིས་མ་འབད་བས་ཟེར་ཞུ་ཡི།
རྩོད་རྩ་གིས་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ བརྒལ་ལན་ཕུལ་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *