ཟ་འཐུང་ཉེན་སྲུང་དང་ རང་ལྡང་དོན་ལུ་ རྒྱལ་ཡོངས་གྲོས་བསྡུར་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ།

འབྲུག་རྒྱལ་ཁབ་ནང་ ཟ་འཐུང་རང་ལྡང་དང་ ཉེན་སྲུང་ལྡནམ་བཟོ་ནི།

༉ འབྲུག་གི་ཟ་འཐུང་ཚུ་ ཉེན་སྲུང་དང་ རང་ལྡང་བཟོ་ནིའི་དོན་ལུ་ སྤྱི་ཚེས་༡༣/༩/༢༡ ལུ་ ཐིམ་ཕུག་རྣམ་རྒྱལ་གྲོས་སྟོན་ཁང་ནང་སྦེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ འགོ་འདྲེན་ཐོག་ལས་ རྒྱལ་ཡོངས་གྲོས་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

ཟ་འཐུང་རིགས་ཚུ་ ཉེན་སྲུང་ཅན་དང་ རང་ལྡང་ཐོག་མེད་པ་ཅིན་ ཤེས་རིག་ལུ་ གནོད་སྐྱོན་རྐྱབ་པའི་ཁར་ གསོ་བ་དང་ དཔལ་འབྱོར་ མི་གི་དལ་དབང་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ དགའ་སྐྱིད་ལུ་ཡང་ ཉེན་ཁ་འབྱུང་ནི་ཨིན་པས།

ཟ་འཐུང་གི་རིམ་ལུགས་དེ་ར་ ལེགས་ཤོམ་ཡོད་པ་ཅིན་ ཟ་ཚང་སྐྱོང་ནི་དང་ ཚོང་འབྲེལ་འཐབ་ནི་ འོང་འབབ་བཟོ་ནི་ རང་སོའི་དགའ་སྐྱིད་ཀྱི་འཐོབ་ལམ་ དལ་དབང་ཚུ་ ལག་ལེན་འཐབ་ཚུགསཔ་ལས་ ཟ་འཐུང་རིམ་ལུགས་ལེགས་ལྡན་བཟོ་ནིའི་འགན་ཁུར་དེ་ འབྲུག་མི་ཡོངས་ལུ་ ཕོགཔ་ཨིན་པས།

འདས་པའི་ལོ་༥༠ ནང་ ཟ་འཐུང་གི་ཐོན་སྐྱེད་བརྒྱ་ཆ་༣༠༠ ཡར་སེང་འབད་རུང་ སྤྱི་ལོ་༢༠༡༩ ལུ་ རྒྱལ་སྤྱི་ནང་ མི་ས་ཡ་༦༩༠ དེ་ཅིག་ལུ་ བཀྲེས་སྐོམ་གྱི་དཀའ་ངལ་ཐོན་ནུག་ཟེར་ གྲོས་བསྡུར་གྱི་སྐབས་ གསུང་གྲོས་བྱུང་ཡི།

སྤྱི་ཟླ་༩ པའི་ཚེས་༢༣ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་འཚོགས་ནི་ཨིན་མིའི་ནང་ འབྲུག་ལས་ མི་རྗེ་བློན་ཆེན་མཆོག་གིས་ ཟ་འཐུང་ཉེན་སྲུང་དང་ རང་ལྡང་བཟོ་ནིའི་འཆར་གཞི་དང་ ལས་རིམ་ ཐབས་བྱུས་ ད་ལྟོའི་གནས་ཚད་ཀྱི་སྐོར་ གསུང་བཤད་གནང་ནི་ཨིནམ་ལས་ བརྗོད་དོན་དེ་གི་ཐོག་ལུ་ རྒྱལ་ཡོངས་ཀྱི་ གྲོས་བསྡུར་འབད་ཡོདཔ་ཨིན་པས།

རང་བཞིན་སླར་འབྱུང་ཐོན་སྐྱེད་ཐབས་བྱུས་༢༠༤༠ ཅན་མ་གུ་ མཁས་མཆོག་བསོད་ནམས་རྒྱ་མཚོ་གིས་ གསལ་བཤད་འབད་མིའི་ནང་ ཐབས་བྱུས་དེ་གི་དོན་ལུ་ ལུང་ཕྱོགས་ཞལ་འཛོམས་ཐེངས་༣ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ དབང་འདུས་རྫོང་ཁག་ནང་ འགོ་འདྲེན་འཐབ་པའི་སྐབས་ མགར་ས་དང་ སྤུ་ན་ཁ་ དབང་འདུས་ རྩི་རང་ དར་དཀར་ནང་ གཞལམ་སྒང་ དེ་ལས་ ཀྲོང་གསར་རྫོང་ཁག་ཚུ་ལས་ ས་གནས་གཞུང་སྐྱོང་དང་ གཞུང་ གཞུང་མིན་ལས་སྡེ་ སོ་ནམ་པ་ སྒེར་སྡེ་ཚུ་གིས་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།

མོང་སྒར་ལུ་ ལྷུན་རྩེ་དང་ བཀྲིས་གཡང་རྩེ་ བཀྲིས་སྒང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ཚུ་ཡོདཔ་ད་ སྤ་རོ་ལུ་འབད་བ་ཅིན་ ཧཱ་ ཆུ་ཁ་ ཐིམ་ཕུག་ཚུ་ཡོད་རུང་ ལྷོ་ཕྱོགས་རྫོང་ཁག་༣ ནང་ འགོ་འདྲེན་འཐབ་མ་ཚུགས་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ གྲོས་བསྡུར་གྱི་ གཙོ་རིམ་ཅན་གྱི་གྲོས་བཅུད་༦ ཐོན་མི་ཚུ་ཡང་ ན་གཞོན་གོ་སྐབས་དང་ ཞིང་ཆུ་ གཡུར་བ་ལེགས་ཤོམ་མེད་མི་ དགོས་མཁོ་དང་  ཐོན་སྐྱེད་གཉིས་ ཕན་ཚུན་ འབྲེལ་མཐུན་མེད་མི་ གསོག་མཛོད་ཁང་གི་དོན་ལུ་ ཁྱེགས་ཁྲོམ་ ཡང་ཅིན་ བསིལ་དྲོད་དང་ལྡནམ་སྦེ་བཞག་ནིའི་མཛོད་ཁང་ བརྡ་སྤྲོད་ལམ་ལུགས་ལེགས་ཤོམ་མེདཔ་ དེ་ལས་ སྒེར་སྡེ་ཚུ་ལུ་ བཅའ་མར་གཏོགས་ནིའི་གོ་སྐབས་ ལེགས་ཤོམ་མིན་འདུག་ཟེར་ཨིན་པས།

བསོད་ནམས་རྒྱ་མཚོ་དང་འཁྲིལཝ་ད་ ལོ་༡ དང་༢ ལུ་ དུས་ཐུང་ནང་ སོ་ནམ་གྱི་ལཱ་འབད་ནིའི་དོན་ལུ་ ཞིང་ཆུ་དང་ གཡུར་བ་ཚུ་ བསྐྱར་བཟོ་འབད་ནི་ ཐོན་སྐྱེད་འབད་མི་དང་གཅིག་ཁར་ ཐད་ཀར་ཚོང་འབྲེལ་འཐབ་ཚུགསཔ་བཟོ་ནི་ ཐོན་སྐྱེད་བཞག་སའི་ བསིལ་དྲོད་མཛོད་ཁང་ བརྡ་དོན་སྤྲོད་ལེན་ལེགས་ཤོམ་ སྐྱིན་འགྲུལ་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལེགས་བཅོས་འབད་དགོཔ་ དེ་ལས་ ཞིབ་འཚོལ་གོང་འཕེལ་གཏང་དགོཔ་ཚུ་ཨིན་པས།

ལོ་༣ ལས་༥ འི་ འཆར་གཞི་ལས་རིམ་གྱི་ གནས་ཡུན་ནང་ ལས་མི་མ་ལང་པའི་དཀའ་ངལ་བསལ་ནི་ ས་ཞིང་སྟོངམ་བཞག་མི་དང་ ས་གླར་སྤྱོད་སྤྲོད་ནི་ སོ་ནམ་ཐོན་སྐྱེད་ཉེན་བཅོལ་ སྐྱེལ་འདྲེན་ཞབས་ཏོག་ ཚོང་འབྲེལ་གོང་འཕེལ་ སོ་ནམ་འཐོབ་སྐལ་ ན་གཞོན་གྲལ་གཏོགས་ དེ་ལས་ སོ་ནམ་གྱི་གྲོས་བསྡུར་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།

ལོ་༦ དང་༡༠ གྱི་ འཆར་གཞི་ལས་རིམ་ནང་ ཟ་འཐུང་རང་ལྡང་དང་ ཉེན་སྲུང་བཟོ་ནི་ སོ་ནམ་གྱི་ལཱ་ཚུ་ འཕྲུལ་རིག་ཐོག་ལས་འབད་ནི་ སྒེར་སྡེ་གིས་ རང་བཞིན་ཐོན་སྐྱེད་ནང་ གྲལ་གཏོགས་འབད་དགོཔ་ གཞན་ཡང་ རྒྱལ་ཡོངས་ཉེན་སྲུང་དང་ལྡན་པའི་ལས་རིམ་ཚུ་ བརྩམས་ཏེ་ཡོད་ཟེར་ མཁས་མཆོག་བསོད་ནམས་རྒྱ་མཚོ་གིས་ བཤདཔ་ཨིན་པས།

སོ་ནམ་ལས་ཁུངས་ཀྱི་ འཆར་གཞི་གཙོ་འཛིན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ལྷན་ཁག་དང་ ལས་ཁུངས་ ལས་ཚན་ཚུ་ནང་ རང་སོའི་སྲིད་བྱུས་དང་ ཐབས་བྱུས་ འཆར་གཞི་ ལས་རིམ་སོ་སོ་ཡོད་པའི་ཁར་ སྒེར་སྡེ་དང་ ལས་འཛིན་ གཞུང་མིན་ལས་སྡེ་ཚུ་གིས་ སྲིད་བྱུས་དང་ སྒྲིག་གཞི་དང་འཁྲིལ་ ལཱ་འབད་སྡོད་ནུག་ཟེར་ཨིན་པས།

འབྲུག་གི་ཟ་འཐུང་ཉེན་སྲུང་དང་ རང་ལྡང་བཟོ་ནིའི་དོན་ལུ་ གཞུང་དང་ ལྷན་ཁག་ ལས་ཁུངས་ སྒེར་སྡེ་ ཚོང་པ་ ལས་འཛིན་ གཞུང་མིན་ལས་སྡེ་ཚུ་གིས་ རྒྱལ་ཡོངས་ཀྱི་ གྲོས་བསྡུར་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ མཉམ་རུབ་ཐོག་ལས་ འཆར་གཞི་དང་ ལས་རིམ་ སྲིད་བྱུས་ ཐབས་བྱུས་ཀྱི་ ལས་སྣ་ཚུ་ མོས་མཐུན་ཐོག་ རྒྱལ་ཡོངས་ལུ་ ཕན་ཐོགས་ཚུགསཔ་བཟོ་ནིའི་འཆར་གཞི་ཨིན་པས།

མཁས་མཆོག་གཞན་མི་ཅིག་དང་འཁྲིལ་བ་ཅིན་ ལོ་བསྟར་བཞིན་དུ་ ཤ་དང་ སྒོ་ནོར་ཐོན་སྐྱེད་ སོ་ནམ་ཐོན་སྐྱེད་ མར་ ཚོད་བསྲེ་ ཤིང་འབྲས་ཀྱི་རིགས་ཚུ་ རྒྱ་གར་ལས་ རྒྱ་ཆེཝ་སྦེ་ར་ ནང་འདྲེན་འབད་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༨ ལུ་ དེ་ཚུ་ནང་འདྲེན་འབད་མི་ལུ་བརྟེན་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༨.༩ བཏང་པའི་ཁར་ སྤྱི་ལོ་༢༠༡༩ ལུ་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༩.༥ བཏང་ནུག་ཟེར་ཨིན་པས།

རྒྱལ་ཡོངས་གྲོས་བསྡུར་དེ་ སྤྱི་ཟླ་༩ པའི་ཚེས་༡༤ ལུ་གྲོལ་ཡོདཔ་ད་ ལས་རིམ་འགོ་བཙུགས་ཀྱི་སྐབས་ སོ་ནམ་དང་ ནགས་ཚལ་བློན་པོ་ཡེ་ཤེས་དཔལ་འབྱོར་གྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *