འབྲུག་རྒྱལ་ཁབ་ཀྱི་ དགའ་སྐྱིད་གནས་རིམ་ལུ་ འགྱུར་བ་མེདཔ།

༉ སྤྱི་ལོ་༢༠༡༨ ལོའི་ འཛམ་གླིང་དགའ་སྐྱིད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ཀྱི་ གནས་རིམ་དེ་ ཨང་༩༧ པའི་ནང་ཡོད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ དགའ་སྐྱིད་ཀྱི་གནས་སྟངས་ལུ་ འགྱུར་བ་མེད་པའི་ རྟགས་མཚན་སྟོནམ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ འཛམ་གླིང་ནང་ འབྲུག་རྒྱལ་ཁབ་ཀྱི་ དགའ་སྐྱིད་གནས་རིམ་ ཨང་༧༩ པའི་ནང་ཡོད་མི་དེ་ སྤྱི་ལོ་༢༠༡༦ ལུ་ ཨང་༨༤ གུ་ མར་བབས་སོང་མི་དེ་ སྤྱི་ལུ་༢༠༡༧ ལུ་ ད་རུང་ ཨང་༩༧ པའི་ནང་ ལྷོད་མི་དེ་ ཧེང་སྐལ་ར་ མར་བབས་སོང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་དགའ་སྐྱིད་མཐོ་ཤོས་ཡོད་མི་དེ་ ན་ཧིང་ ཨང་༥ པའི་ནང་ཡོད་མི་ ཕིན་ལེནཌི་རྒྱལ་ཁབ་ཀྱིས་ ཐོན་ཡོདཔ་ད་ ན་ཧིང་འབད་བ་ཅིན་ ནོར་ཝེ་རྒྱལ་ཁབ་ཀྱིས་ ཐོན་ཡོད་རུང་ དུས་ཅི་ རྒྱལ་ཁབ་ཀྱི་ དགའ་སྐྱིད་གནས་རིམ་དེ་ མར་བབས་སོང་ཡོདཔ་ཨིན་པས།
སྙན་ཞུ་དེ་ ལོ་བསྟར་བཞིན་དུ་ འཛམ་གླིང་སྤྱི་ཚོགས་ཡུན་བརྟན་གོང་འཕེལ་ཐབས་བྱུས་ཀྱིས་ བཏོན་དོ་ཡོདཔ་ད་ དེ་ནང་ རྒྱལ་ཁབ་༡༥༦ གི་གྲས་ལས་ ཨང་དང་པ་དེ་ ཕིན་ལེནཌི་དང་ ཨང་གཉིས་པ་ནོར་ཝེ་ གསུམ་པ་ཌེན་མཱཀ་ བཞི་པ་ཨའེ་ཡེསི་ལེནཌི་ཐོན་ཡོད་རུང་ ཨ་མི་རི་ཀའི་གནས་རིམ་དེ་ ཨང་༡༨ པའི་ནང་ མར་བབས་སོང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཨ་མི་རི་ཀའི་གནས་རིམ་ མར་བབས་སོང་མི་དེ་ཡང་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་ཚད་ མར་བབས་འགྱོ་མི་དང་ འཛམ་གླིང་ནང་ དཔལ་འབྱོར་སྦོམ་ཤོས་ཨིན་མི་ རྒྱལ་ཁབ་དེ་ནང་ སྨྱོ་རྫས་ལག་ལེན་འཐབ་མི་དང་ སེམས་ཁམས་ཀྱི་ནད་གཞི་ དེ་ལས་ དཔལ་འབྱོར་གྱི ་དཀའ་ངལ་ལུ་བརྟེན་ མར་བབས་སོང་ནུག་ཟེར་ཨིན་པས།
ཤར་ཨཱཕ་རི་ཀ་ལུ་ཡོད་མི་ བུ་རུན་ཌི་རྒྱལ་ཁབ་ནང་ མི་རིགས་རྩ་མེད་གཏང་ནིའི་དོན་ལུ་ བྱེལཝ་ཐོན་མི་དེ་གིས་ རྒྱལ་ཁབ་ནང་འཁོད་ལུ་ དམག་འཁྲུག་ལང་མི་ལུ་བརྟེན་ རྒྱལ་ཁབ་ནང་ དགའ་སྐྱིད་ཉུང་ཤོས་ཡོད་མི་ རྒྱལ་ཁབ་ཅིག་སྦེ་ གནས་མི་དེ་ ད་རེས་ནངས་པར་ སི་རི་ཡ་རྒྱལ་ཁབ་ལུ་ཡང་ དམག་འཁྲུག་ལང་ནི་དེ་གིས་ སྐྱོ་ཤོས་ཅིག་སྦེ་ ཐོན་ཡོདཔ་ཨིན་པས།
ཨང་དང་པ་ལས་ བཞི་པ་ཚུན་ཐོན་མི་ རྒྱལ་ཁབ་ག་ར་གིས་ ཐོན་སྐྱེད་དང་ གསོ་བ་ ཚེ་ཚད་ མི་སྡེའི་ཞབས་ཏོག་ དལ་དབང་ དེ་ལས་ གཞན་ལུ་ཕན་སེམས་བསྐྱེད་པའི་ དབྱེ་ཁག་ཚུ་ནང་ལས་ མཐོ་ཤོས་ཐོན་ཏེ་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།
ཕིན་ལེནཌི་རྒྱལ་ཁབ་ནང་ མི་རློབས་ས་ཡ་༥.༥ ཡོད་པའི་ཁར་ རྒྱལ་ཁབ་དེ་ནང་ ངན་ལྷད་ཡང་ ཉུང་ཤོས་ཡོདཔ་ད་ རྒྱལ་ཁབ་དེ་གི་ ཁྲིམས་སྲུང་འགག་པ་ཚུ་ཡང་ འཛམ་གླིང་ནང་ བློ་གཏད་ཚུགས་པའི་གྲས་ཁར་ ཚུད་དེ་ཡོདཔ་བཞིན་དུ་ དངུལ་ཁང་ཚུ་ནང་ཡང་ ཞབས་ཏོག་མཐུན་རྐྱེན་ཚུ་ དྲག་ཤོས་ཅིག་སྦེ་ ཆ་བཞག་དོ་ཡོདཔ་ཨིན་པས།
ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུའི་གྲས་ལས་ པ་ཀིས་ཏཱན་རྒྱལ་ཁབ་ཀྱིས་ ཨང་༧༥ པའི་ནང་ ལྷོད་ཡོད་རུང་ རྒྱལ་ཁབ་གཞན་ཚུ་ག་ར་ འབྲུག་རྒྱལ་ཁབ་ཀྱི་ཤུལ་ལས་ ལུས་ཡོདཔ་ཨིན་པས།
དགའ་སྐྱིད་མར་ཕབ་འགྱོ་མི་ རྒྱལ་ཁབ་ཚུའི་གྲས་ལས་ བེ་ནི་ཟུ་ལ་རྒྱལ་ཁབ་ནང་ དགའ་སྐྱིད་མར་བབས་ མཐོ་ཤོས་འགྱོ་བའི་ ངོས་འཛིན་བྱུང་ཡོདཔ་ད་ དུས་ཅི་ རྒྱལ་ཁབ་དགའ་སྐྱིད་ཉུང་ཤོས་ཡོད་མི་༡༠ ཚུ་ཡང་ མ་ལ་ཝི་ ཧཱའི་ཏི་ ལི་བི་ར་ ར་ཝན་ཌ་ཡེ་མཱིན་ ཏཱན་ཟ་ནི་ཡ་ ལྷོ་ སི་དཱན་ དབུས་ཕྱོགས་ ཨཱཕ་རི་ཀ་ དེ་ལས་ བུ་རཱུན་ཌི་རྒྱལ་ཁབ་ཚུ་ ཚུད་དེ་ཡོདཔ་ཨིན་པས།
དུས་ཅི་གི་ལོའི་ སྙན་ཞུ་དེ་ ཐེངས་དྲུག་པ་ཨིནམ་ད་ སྤྱི་ལོ་༢༠༡༢ ལུ་ འགོ་དང་པ་ སྙན་ཞུ་བསྡུ་སྒྲིག་འབད་བའི་སྐབས་ མི་སྡེའི་དགའ་སྐྱིད་ལུ་རྐྱངམ་གཅིག་ གཞི་བཞག་ཐོག་ལས་ སྙན་ཞུ་བསྡུ་སྒྲིག་འབད་ཡོད་རུང་ དུས་ཅི་ རྒྱལ་ཁབ་སོ་སོའི་མི་ཚུ་ གནས་སྤོ་སོང་མི་ལུ་བརྟེན་ དགའ་སྐྱིད་ལུ་ ག་དེ་སྦེ་ར་ ཁྱད་པར་བཟོ་ཡོདཔ་ཨིན་ན་ལུ་ཡང་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
རྒྱལ་ཁབ་རང་སོའི་ དགའ་སྐྱིད་ཀྱི་གནས་རིམ་ཚུ་ གཞི་བཞག་ནིའི་དོན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ འོང་འབབ་དང་ མི་སྡེའི་སྐྱིད་གནས་ ངན་ལྷད་ གཞན་ཡང་ མི་སྡེའི་དོན་ལུ་ཕན་པའི་ལཱ་ཚུ་ ག་དེ་སྦེ་ར་ འབད་དོ་ཡོདཔ་ཨིན་ན་ཚུ་ལུ་ གཞི་བཞག་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *