འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ གདམ་འཐུ་གྲུབ་ཡོད་མི་ལུ་ གོ་སྐབས་མ་བྱིན་པའི་ཉོགས་བཤད།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ལས་རིམ་བཟོ་མིའི་དོན་ལུ་ གདམ་འཐུ་བྱ་རིམ་ནང་ ལམ་ལུགས་ཚུལ་མཐུན་མ་འབད་བའི་ཉོགས་བཤད་ ཀྲོང་གསར་ཁྲིམས་འདུན་ལུ་ ཕུལ་ནུག།
རྩོད་རྩ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ ལས་རིམ་བཟོ་མིའི་དོན་ལུ་ གདམ་འཐུ་འབད་ནིའི་ ལམ་ལུགས་ནང་ གཡོ་བཅོས་དང་ དགའ་མཐུན་ཐོག་ལས་ གདམ་འཐུ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་ཡང་ ཁོ་གིས་ བཀོད་མིའི་ནང་ ལས་རིམ་བཟོ་མིའི་དོན་ལུ་ ཡིག་ཐོག་དང་ འོས་འབབ་བརྟག་དཔྱད་ཀྱི་ ཆོས་རྒྱུགས་༢ ཆ་རའི་ནང་ ཨང་དང་པ་ ཁོ་ཨིནམ་སྦེ་ ཡོངས་འབྲེལ་འཆར་སྒོ་ནང་དང་ མི་སྟོབས་ལས་ཚན་ནང་ལས་ འགྲུལ་འཕྲིན་ཐོག་ལས་ ཁོ་ལུ་ སླབ་ཡོད་རུང་ ངག་ཐོག་ཆོས་རྒྱུགས་ཀྱི་ གྲུབ་འབྲས་དེ་ ཡོངས་འབྲེལ་ནང་ གསལ་སྟོན་འབད་མ་བཏུབ་ཟེར་ཨིན་པས།
རྩོད་རྩ་ཁོ་ར་ བསམ་པ་མ་རྫོགས་པར་ འཛིན་སྐྱོང་མདོ་ཆེན་ལས་ གནང་བ་ལེན་ཏེ་ བདེན་དཔྱད་འབད་བའི་སྐབས་ གསལ་སྟོན་འབད་ཡོད་མི་ གྲུབ་འབྲས་དང་ ཡོངས་འབྲལ་ནང་བཀོད་ཡོད་པའི་ གྲུབ་འབྲས་༢ རྟགས་མ་མཐུན་ཟེར་ཨིནམ་ད་ དེ་ཡང་ འོས་འབབ་བརྟག་ཞིབ་ཆོས་རྒྱུགས་ནང་ ཨང་དང་པ་ཐོན་ཡོད་མི་དེ་ ཨང་༥ པ་ལུ་ བཟོ་ཡོདཔ་སྦེ་ཨིན་པས།
འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ གདམ་འཐུའི་ལམ་ལུགས་དང་ མ་འཁྲིལ་བར་ མི་ངོམ་གདམ་འཐུ་འབད་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ད་ དེ་ཡང་ ཨང་དང་པ་སྦེ་ གདམ་འཐུ་འབད་མི་དེ་ ལས་གཡོག་ལྷན་ཁག་ནང་ ཁག་འབག་ཐོག་ལས་ ལཱ་འབད་མི་ཨིན་རུང་ ཉོགས་མེད་ལག་ཁྱེར་མེད་པར་ གདམ་འཐུ་ནང་ བཅའ་མར་གཏོགས་པའི་སྐབས་ མི་སྟོབས་ལས་ཚན་དང་ ཆོས་རྒྱུགས་ཚོགས་ཆུང་གིས་ བདེན་དཔྱད་མ་འབད་བར་ བཅའ་མར་གཏོགས་བཅུག་སྟེ་ གདམ་འཐུ་འབད་ཡོདཔ་མ་ཚད་ གྲུབ་འབྲས་ཡང་ གསལ་སྟོན་འབད་ཡོདཔ་སྦེ་ཨིན་པས།
མཐའ་དཔྱད་གྲུབ་འབྲས་དང་ ཡིག་ཆ་བདེན་དཔྱད་འབད་བའི་ཤུལ་ ཨང་དང་པ་ཐོན་མི་ལུ་ ལས་འཛིན་གྱིས་ ཉོགས་མེད་ལག་ཁྱེར་ བཟོ་འབག་ཤོག་ཟེར་སླབ་སྟེ་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ ལག་ཁྱེར་བཙུགས་པའི་སྐབས་ ཚུལ་མིན་གྱི་བྱ་རིམ་འཐབ་སར་ རྩོད་རྩ་གིས་ མཐོང་ཡོདཔ་ཨིན་པས།
དེ་ལུ་ ཁོ་གིས་ འཛིན་སྐྱོང་ལུ་ བྱ་རིམ་དེ་ ཁྲིམས་མཐུན་ཨིན་ན་མེན་ན་ དྲི་བའི་སྐབས་ ངོས་ལེན་འབད་མ་བཏུབ་ལས་ ལས་འཛིན་གྱིས་ ཁྲིམས་དོན་འགོ་དཔོན་དང་ འཕྱད་ནིའི་ གོ་སྐབས་གནང་ཟེར་སླབ་རུང་ འཛིན་སྐྱོང་གིས་ མོ་ ག་ནི་ཡང་ མི་ཤེས་ཟེར་སླབ་སྟེ་ སྡེ་ཚན་ཅིག་ ལས་གཡོག་ལྷན་ཁག་ནང་ བདེན་དཔྱད་འབད་བའི་སྐབས་ ཁྲིམས་མཐུན་མེན་པའི་ ཤེས་རྟོགས་བྱུང་སྟེ་ ཨང་དང་པ་ཐོན་མི་དེ་ གསང་བའི་ཐོག་ལས་ འབོ་ཞིནམ་ལས་ ཡིག་ཆ་ཕྱིར་བཏོན་འབད་ཡོདཔ་མ་ཚད་ གྲུབ་འབྲས་ཡང་ ཆ་མེད་བཏང་ཡོདཔ་སྦེ་ཨིན་པས།
མཐའ་དཔྱད་གྲུབ་འབྲས་ནང་ རྩོད་རྩ་ཁོ་ར་ ཨང་༣ པ་སྦེ་ གསལ་སྟོན་འབད་ཡོདཔ་ལས གདམ་འཐུའི་ བྱ་རིམ་ལམ་ལུགས་དང་འཁྲིལ་ གདམ་འཐུ་གྲུབ་ཡོད་མི་གཅིག་ ཕྱིར་བཏོན་འབད་བ་ཅིན་ དེའི་འོག་ལུ་ ཚུད་མི་དེ་ གདམ་འཐུ་འབད་སྲོལ་ཡོདཔ་ཨིན་རུང་ ཁོ་ལུ་ གོ་སྐབས་བྱིན་མ་བཏུབ་ཟེར་ ཉེས་འཛུགས་བཙུགས་ཡོདཔ་ཨིན་པས།
ཁ་ཙ་ རྩོད་ཟླ་འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ བཤེར་ལེན་ཕུལ་མིའི་ནང་ རྩོད་རྩ་གིས་ ཕུལ་མི་ཚུ་ལུ་ བདེན་ཁུངས་མེདཔ་སྦེ་ ཞུ་ཡོདཔ་ད་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ས་སྟོང་དེའི་དོན་ལུ་ གདམ་འཐུ་ཚོགས་ཆུང་གིས་ ཡིག་ཐོག་ཆོས་རྒྱུགས་ལས་ བརྒྱ་ཆ་༣༠ རིག་རྩལ་བརྟག་དཔྱད་ནང་བརྒྱ་ཆ་༤༠ ངག་ཐོག་ལས་བརྒྱ་ཆ་༢༠ དང་ ཤེས་ཡོན་སྐུགས་ལས་ བརྒྱ་ཆ་༡༠ ལུ་ གཞི་བཞག་སྟེ་ གདམ་འཐུ་འབད་ཡི་ཟེར་ཨིན་པས།
ལས་འཛིན་གྱིས་ ལམ་ལུགས་དང་འཁྲིལ་ རིག་རྩལ་བརྟག་དཔྱད་དང་ ངག་ཐོག་ཆོས་རྒྱུགས་ཀྱི་དོན་ལུ་ ཕྱི་སེལ་གྲུབ་མི་ཚུ་ འོང་དགོཔ་སྦེ་ རྒྱང་བསྒྲགས་འབད་ཡོདཔ་ལས་ རྩོད་རྩ་གིས་ ཡིག་ཐོག་དང་ རིག་རྩལ་བརྟག་དཔྱད་ནང་ ཨང་དང་པ་ ཐོན་ཡོདཔ་སྦེ་ སླབ་མི་དེ་ བདེན་ཁུངས་མེད་ཟེར་ཨིན་པས།
དེ་མ་ཚད་ ལས་འཛིན་གྱིས་ ཡིག་ཐོག་དང་ རིག་རྩལ་བརྟག་དཔྱད་ དེ་ལས་ ངག་ཐོག་གིས་ གྲུབ་འབྲས་ཚུ་ ཡོངས་འབྲེལ་ནང་ གསལ་སྟོན་འབད་ནི་མེད་ཟེར་ཨིནམ་ད་ མཐའ་དཔྱད་གྲུབ་འབྲས་དང་ སློབ་རིག་གི་ གྲུབ་འབྲས་བསྡོམས་སྟེ་ ཡོངས་འབྲེལ་ནང་ གསལ་བསྒྲགས་འབད་དོ་ཡོདཔ་ལས་ ལས་འཛིན་གྱིས་ རིག་རྩལ་བརྟག་དཔྱད་དང་ ངག་ཐོག་ཆོས་རྒྱུགས་ཀྱི་དོན་ལུ་ ཕྱི་སེལ་གྲུབ་ཡོད་མི་ཚུ་ འོང་དགོཔ་སྦེ་ རྒྱང་བསྒྲགས་འབད་མི་དེ་ རྩོད་རྩ་གིས་ གྲུབ་འབྲས་གསལ་བསྒྲགས་ཀྱི་དབང་ལུ་ བཏང་མི་དེ་གིས་ མི་སེར་ལུ་ གོ་བ་བརྡ་ལོག་སྤྲོདཔ་མས་ཟེར་ཨིན་པས།
རྩོད་ཟླ་གིས་ བཤད་མིའི་ནང་ རྩོད་རྩ་གིས་ ཡིག་ཐོག་ཆོས་རྒྱུགས་ནང་ ཨང་དང་པ་དང་ རིག་རྩལ་བརྟག་དཔྱད་ནང་ ཨང་༥ པ་ཐོན་ཡོདཔ་ལས་ དེ་༢ བསྡོམས་པའི་སྐབས་ ཨང་དང་པ་ ཐོབ་སྟེ་ཡོད་ཟེར་ཨིནམ་ད་ རྩོད་རྩ་བཀོད་ཁྱབ་གཙོ་འཛིན་ལས་ གྲུབ་འབྲས་བལྟ་ནིའི་གནང་བ་ཐོབ་རུང་ མི་སྟོབས་སྡེ་ཚན་གྱིས་ བལྟ་ནིའི་གོ་སྐབས་མ་བྱིན་ཟེར་ཞུ་མི་དེ་ གོ་སྐབས་མ་བྱིན་པ་ཅིན་ ཡིག་ཐོག་ལུ་ ཨང་དང་པ་དང་ རིག་རྩལ་བརྟག་ཞིབ་ནང་ཨང་༥ པ་ཨིནམ་ ག་དེ་སྦེ་ ཤེས་ཡོདཔ་ཨིན་ནའི་ བདེན་ཁུངས་བཀལ་དགོཔ་སྦེ་ཞུ་ཡི།
གདམ་འཐུ་འབད་ཡོད་མི་ ཨང་དང་པ་ཐོན་མི་ལུ་ ཉོགས་མེད་ལག་ཁྱེར་བཟོ་འབག་ཤོག་ཟེར་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ རྩོད་རྩ་གིས་ ཨང་དང་པ་ཐོན་མི་ལུ་ ཉོགས་མེད་ལག་ཁྱེར་མེད་པའི་ ཉོགས་བཤད་བཀོད་ཡོདཔ་ལས་ ཞུ་ཡིག་དྲི་ཤོག་ཞིབ་དཔྱད་འབད་བའི་སྐབས་ ལཱ་གཡོག་ནང་མེནམ་སྦེ་ འཁོད་ཡོདཔ་མཐོང་ཡི་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་ནང་ བདེན་དཔྱད་འབད་བའི་སྐབས་ ལྷན་ཁག་ནང་ ཁག་འབག་ཐོག་ལས་ ལཱ་འབད་དོ་ཡོད་པའི་ཤེས་རྟོགས་བྱུང་ཡོདཔ་ལས་ ལས་གཡོག་ལྷན་ཁག་གི་ གསར་བཙུགས་དང་གདམ་འཐུ་སྒྲིགས་གཞི་༢༠༡༢ ཅན་མ་དང་འཁྲིལ་ ལཱ་གཡོག་འཐོབ་ནིའི་དོན་ལུ་ བརྡ་དོན་རྫུས་མ་སྤྲོད་པ་ཅིན་ ལཱ་གཡོག་སྤྲོད་ནི་ལུ་འོས་འབབ་ཀྱི་ ཁྱད་ཚད་མ་ཚངམ་ལས་ ཨང་དང་པ་ཐོན་མི་ལུ་ ལཱ་གཡོག་གོ་སྐབས་ མ་བྱིན་ཟེར་ཨིན་པས།
རྩོད་རྩ་གིས་ ཁོ་ སོར་ཐེབས་(standby)ནང་ཡོད་རུང་ གོ་སྐབས་མ་བྱིན་ཟེར་མི་དེ་ཡང་ སོར་ཐེབས་ཟེར་ ག་ཏེ་ཡང་ བཀོད་བཀོདཔ་མེད་ཟེར་ ཨིན་པས།
ཁྲིམས་འདུན་གྱིས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༦༥ པའི་ དགོངས་དོན་ལྟར་དུ་ རྩོད་བཤེར་མཇུག་མ་བསྡུ་ཚུན་ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ རྫོང་ཁའི་ལས་རིམ་བཟོ་མི་དང་ གསལ་བཤདཔ་གི་ས་སྟོང་ཡོད་མི་དེ་ ཡང་བསྐྱར་གསལ་བསྒྲགས་འབད་མེད་པའི་ སྐབས་ཐོག་བཀའ་གནོན་བཀའ་རྒྱ་གནང་ཡོདཔ་ཨིན་པས།
རྩོད་རྩ་གིས་ འགེལ་ལན་དེ་ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *