འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ གདམ་འཐུའི་བྱ་རིམ་ནང་ གཡོ་སྒྱུ་འཐབ་ཡོད་པའི་སྒྲུབ་བྱེད་ཕུལ་ཡོདཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ བཙག་འཐུའི་བྱ་རིམ་ནང་ གཡུ་སྒྱུ་འཐབ་ཡོད་པའི་ རྩོད་གཞི་དེ་ལུ་ རྩོད་རྩའི་ཁ་ཐུག་ལས་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ སྒྲུབ་བྱེད་ཚུ་ ཁྲིམས་འདུན་ལུ་ཕུལ་ནུག།
རྩོད་རྩ་གིས་ ཞུ་མིའི་ནང་ སྤྱི་ཟླ་༤ པའི་ཚེས་༤ ལུ་ གྲུབ་འབྲས་དེ་ ལས་འཛིན་གྱི་ཡོངས་འབྲེལ་འཆར་སྒོ་ནང་ གསལ་བསྒྲགས་འབད་ཡོད་པའི་ཁར་ མི་སྟོབས་ཡིག་ཚང་གི་ བརྒྱུད་འཕྲིན་ཐོག་ལས་ བརྡ་དོན་འབད་ཡོདཔ་བཞིན་དུ་ རྩོད་ཟླའི་ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ངག་ཐོག་དང་ཡིག་ཐོག་ལུ་ ཨང་དང་པ་ཨིན་པའི་ ཁས་ལེན་ཕུལ་ཡི་ཟེར་ཞུ་ཡི།
རྩོད་རྩ་གིས་ སྤྱི་ཟླ་༤ པའི་ཚེས་༡༡ ལུ་ ཧེ་མའི་ གྲུབ་འབྲས་དང་ཆ་མཐུན་ཅིག་ ཡོངས་འབྲེལ་ནང་ གསལ་བསྒྲགས་འབད་བའི་ཁར་ མི་སྟོབས་ཡིག་ཚང་གི་ བརྒྱུད་འཕྲིན་ཐོག་ལས་ ཁོ་ར་ རིག་རྩལ་བརྟག་དཔྱད་ནང་ ཨང་དང་པ་ཐོན་ནུག་ཟེར་བའི་ བརྡ་དོན་ཐོབ་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ སྟ་གོན་སྙན་གསན་སྐབས་ ལས་འཛིན་གྱི་ངོ་ཚབ་ཀྱིས་ རིག་རྩལ་བརྟག་ཞིབ་ནང་ཡང་ ཨང་དང་པ་ཨིན་ཟེར་ ཁྲིམས་འདུན་ལུ་ ཁས་ལེན་འབད་ཡི་ཟེར་ཞུ་ཡི།
ད་རུང་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ ངག་ཐོག་དྲི་ལན་ནང་ བཅའ་མར་གཏོགས་ཡོདཔ་ད་ གྲུབ་འབྲས་དེ་ ཡོངས་འབྲེལ་ནང་ གསལ་སྟོན་མ་འབད་ཟེར་ཞུ་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ མཐའ་དཔྱད་གྲུབ་འབྲས་དེ་ ཡོངས་འབྲལ་ནང་གསལ་བསྒྲགས་འབད་མི་ལུ་ རྩོད་རྩ་ཁོ་ར་ བསམ་པ་མ་རྫོགས་པར་ སྤྱི་ཚེས་༢༩ ལུ་ བདེན་དཔྱད་འབད་བའི་སྐབས་ ངག་ཐོག་དྲི་ལན་གྱི་ སྐུགས་བསྡོམས་ལས་ བརྒྱ་ཆ་༢༠ ལས་ ཁོ་གིས་ཐོབ་ཡོད་པའི་སྐུགས་ཚད་དེ་ གྲལ་གཏོགས་འབད་བའི་ ཚོར་སྣང་ཙམ་ཡང་ མ་བྱུང་ཟེར་ཞུ་ཡི།
གནད་དོན་དེ་ལུ་ གཞི་འཛིན་ཐོག་ རྩོད་ཟླའི་བློ་འདོད་དང་འཁྲིལ་ གྲུབ་འབྲས་ཡར་མར་བཟོ་བའི་ མངོན་རྟགས་སྟོན་པའི་ཁར་ རྩོད་རྩ་ཁོ་ར་ བཅའ་མར་གཏོགས་ཐངས་དང་ སྐུགས་ཐོབ་མི་༢ རྟགས་མཐུན་མ་མཐུན་ གཟིགས་ཐབས་ལུ་ སྒྲ་བཟུང་བརྙན་འཛིན་དང་ ལྷག་པར་དུ་ ངག་ཐོག་དྲི་ལན་གྱི་བྱ་རིམ་ སྒྲ་བཟུང་འབད་ཡོད་མི་དེ་ ཁྲིམས་ཞབས་དང་ རྩ་ཕན་༢ འཛོམས་ཏེ་གཟིགས་ཐབས་ལུ་ ཁྲིམས་ཞབས་ཀྱི་ སྒྲ་བཟུང་བརྙན་སྟོན་ཚུ་ བཞེས་དགོཔ་སྦེ་ཞུ་ཡི།
རྩོད་རྩ་ཁོ་རའི་ཁ་ཐུག་ལས་ ངག་ཐོག་དྲི་ལན་སྐབས་ དྲི་བ་ག་བཟུམ་བཀོད་ཡོདཔ་ཨིན་ན་དང་ ལན་ག་དེ་སྦེ་ རྐྱབ་ཡོད་མི་ དྲན་ཚུགསཔ་ལས་ག་ར་ ཡིག་ཐོག་བཀོད་དེ་ ཕུལ་ཆོག་ཆོ་ཡོད་ཟེར་ ཞུ་ཡི།
ཨིན་རུང་ རྩོད་ཟླའི་ཁ་ཐུག་ལས་ རིག་རྩལ་བརྟག་ཞིབ་དེ་ སྒྲ་བརྙན་འཛིན་བཟུང་འབད་ཡོདཔ་ཨིན་རུང་ ངག་ཐོག་དྲི་ལན་དེ་ སྒྲ་བཟུང་བརྙན་བཟུང་འབད་ནི་མེད་ཟེར་ ཞུ་ཡི།
སྤྱི་ཟླ་༤ པའི་ཚེས་༢༩ ལུ་ རྩོད་རྩ་ཁོ་ར་ གྲུབ་འབྲས་བདེན་དཔྱད་འབད་བའི་སྐབས་ ཁོ་ར་ ཨང་༣ པ་ སི་ཊེན་བཱའི་སྦེ་ འཁོད་ཡོདཔ་ཨིན་རུང་ རྩོད་ཟླ་གིས་ ཁྲིམས་འདུན་ལུ་ སི་ཊེན་བཱའི་ཟེར་ ག་ཏེ་ཡང་ བཀོད་དེ་མེད་ཟེར་ཞུ་ཡོདཔ་ཨིན་རུང་ རྩོད་ཟླའི་བཤེར་ལན་དང་ བརྒལ་ལན་༢ ཆ་རའི་ནང་ ཁོ་ཨང་༣ པ་ ངེས་བདེན་ཨིན་ཟེར་ ཁས་ལེན་འབད་མི་དེ་གི་ ཁོ་ཨང་༣ པ་ སི་ཊེན་བཱའི་ནང་ཨིན་པའི་ མངོན་རྟགས་གྲུབ་ལས་ གོ་སྐབས་དེ་ རྩོད་རྩ་ལུ་ འཐོབ་དགོ་ཟེར་ཞུ་ཡི།
རྩོད་རྩ་གིས་ ཞུ་མིའི་ནང་ རྩོད་ཟླའི་ཁ་ཐུག་ལས་ བཤེར་ལན་དང་བརྒལ་ལན་ནང་ རྩོད་རྩ་ཁོ་ར་ འོས་འབབ་ཁྱད་ཆོས་མ་ཚངམ་ལས་ གོ་སྐབས་བྱིན་མ་ཚུགས་ཟེར་ ཞུ་མི་ཚུ་ དབྱེ་དཔྱད་འབད་བ་ཅིན་ གྲུབ་འབྲས་ངོ་མ་ནང་ རྩོད་རྩ་ཁོ་ར་ ཨང་༣ པ་མེན་པར་ རྩོད་ཟླའི་བློ་འདོད་ལྟར་ ཨང་༣ པ་ སི་ཊེན་བཱའི་ནང་ ངེས་བདེན་བཟོ་ནུག་ཟེར་ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ གོ་གནས་ཀྱི་དོན་ལུ་ ས་སྟོང་༢ ཡོདཔ་ལས་བརྟེན་ མི་ངོམ་༢ གདམ་འཐུ་འབད་བའི་ཤུལ་ལས་ ཁོ་ར་ ཨང་༣ པ་ཨིན་པ་ཅིན་ ཁྲིམས་འདུན་ལུ་ ཁོ་ལུ་ གོ་སྐབས་བྱིན་ཐབས་མ་བྱུང་ཟེར་ ཞུ་དགོཔ་མེད་རུང་ ཁྲིམས་འདུན་ལུ་ གོ་སྐབས་སྤྲོད་ཐབས་མེད་པའི་ ཁྱད་ཆོས་མ་ཚངམ་སྦེ་ཞུ་མི་དེ་ རྩོད་རྩ་ཁོ་ར་ གདམ་འཐུ་གྲུབ་པའི་ མི་ངོམ་༢ ཀྱི་གྲངས་སུ་ཚུདཔ་ ངེས་བདེན་ཨིན་མས་ཟེར་ཞུ་ཡི།
རྩོད་རྩ་གི་ ཞུ་མིའི་ནང་ བརྡ་བརྒྱུད་ལས་ཁངས་ ཀུན་གསལ་ལས་འཛིན་ནང་ཡང་ གདམ་འཐུ་གྲུབ་པའི་ མི་ངོམ་༡ གོ་སྐབས་མ་ལེན་པའི་ཤུལ་ལས་ གཞན་མི་ཅིག་ལུ་ གོ་སྐབས་བྱིན་ཡོད་པའི་ཁར་ མི་ངོམ་ཅིག་ ཟླ་ངོ་༣ ལཱ་འབད་དེ་ དགོངས་ཞུ་འབད་བའི་ཤུལ་ མི་ངོམ་༡ ལུ་ གོ་སྐབས་གནང་མི་ལུ་ གཞི་བཞག་པ་ཅིན་ གོ་སྐབས་དེ་ ཁོ་ལུ་ འཐོབ་དགོ་པའི་ མངོན་རྟགས་སྟོནམ་མས་ཟེར་ཨིན་པས།
དེ་མ་ཚད་ འབྲེལ་ཡོད་ལྷན་ཁག་དང་ ལས་སྡེ་ནང་ མི་སྟོབས་ཀྱི་འགན་ཁུར་འབག་མི་ མི་སྟོབས་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་སྟེ་ བསམ་འཆར་བརྗེ་སོར་འབད་མི་དང་ ཡིག་ཐོག་བརྟག་ཞིབ་འབད་བའི་ ལན་གསལ་ནང་ རྩོད་ཟླ་གིས་ ཁྲིམས་འདུན་ལུ་ཞུ་མི་ཚུ་ ར་ཁུངས་མེད་པའི་མངོན་རྟགས་ ཐོན་ཡོདཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *