འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ཉེས་འཛུགས་འབད་མི་ལུ་ ངོས་ལེན་མེདཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ སྤྱི་ཟླ་༩ པའི་ཚེས་༡༢ ལུ་ ལས་འཛིན་གྱིས་ གདམ་འཐུའི་སྐབས་ ཚུལ་མིན་འཐབ་ཡོད་པའི་ ཉེས་འཛུགས་འབད་མིའི་ བརྒལ་ལན་ཕུལ་ཡོདཔ་ད་ བརྒལ་ལན་ནང་ ཉེས་འཛུགས་ཚུ་ ངོས་ལེན་དང་ བདེན་ཁུངས་མེདཔ་སྦེ་ཞུ་ཡི།

རྩོད་ཟླ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ལས་འཛིན་གྱི་ ལམ་ལུགས་དང་འཁྲིལ་ཏེ་ རིག་རྩལ་བརྟག་དཔྱད་དང་ ངག་ཐོག་ཆོས་རྒྱུགས་ཀྱི་དོན་ལུ་ ཕྱི་སེལ་གྲུབ་པའི་མི་ངོམ་ཚུ་ འོང་དགོཔ་སྦེ་ རྒྱང་བསྒྲགས་འབད་ཡོདཔ་ད་ རྩོད་རྩ་གིས་ ཡིག་ཐོག་དང་ རིག་རྩལ་བརྟག་དཔྱད་ཀྱི་ གྲུབ་འབྲས་སྐོར་ལས་ ཞུ་མི་དེ་ ཁུངས་མེད་ཟེར་ཞུ་ཡི།

དེ་མ་ཚད་ ལས་འཛིན་གྱི་ མཐའ་དཔྱད་གྲུབ་འབྲས་དེ་ ཡོངས་འབྲེལ་ནང་ བཙུགས་དོ་ཡོདཔ་མ་གཏོགས་ ཡིག་ཐོག་དང་ རིག་རྩལ་བརྟག་དཔྱད་ དེ་ལས་ ངག་ཐོག་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ནི་མེད་ཟེར་ཞུ་ཡི།

རྩོད་རྩ་གི་ རིག་རྩལ་བརྟག་དཔྱད་དང་ ངག་ཐོག་ཆོས་རྒྱུགས་ཀྱི་དོན་ལུ་ ཕྱི་སེལ་གྲུབ་མི་ཚུ་ འོང་དགོཔ་སྦེ་ རྒྱང་བསྒྲགས་འབད་མི་དེ་ གྲུབ་འབྲས་གསལ་བསྒྲགས་ཀྱི་ དབང་དུ་བཏང་མི་དེ་ མི་སེར་ལུ་ གོ་ལོག་སྤྲོདཔ་མས་ཟེར་ཞུ་ཡི།

རྩོད་རྩ་གིས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ལས་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ བདེན་དཔྱད་འབད་དགོ་པའི་ ཞུ་བ་རྐྱངམ་གཅིག་མ་གཏོགས་ ཡིག་ཆ་ག་ར་བལྟ་ནིའི་ ཞུ་བ་མེད་རུང་ མི་སྟོབས་སྡེ་ཚན་གྱི་ གྲུབ་འབྲས་བལྟ་ནིའི་ གོ་སྐབས་བྱིན་ཡི་ཟེར་ཞུ་ཡི།

རྩོད་རྩ་གིས་ ལྷུན་གྲུབ་རྡོ་རྗེ་དེ་ ཡིག་ཆ་མ་ཚང་མི་དེ་ ལས་འཛིན་གྱི་ཁ་ཐུག་ལས་ ཁོ་ལུ་ ཉོགས་མེད་ལག་ཁྱེར་ བཟོ་འབག་ཤོག་ཟེར་སླབ་མི་དེ་ མི་བདེན་ཟེར་ཞུ་ཡི།

རྩོད་རྩ་གི་ ལྷུན་གྲུབ་རྡོ་རྗེ་དེ་ ཧེ་མ་ལས་ ལཱ་གཡོག་ནང་ཨིན་མས་ཟེར་བའི་ ཉོགས་བཤད་བཀོད་ཡོདཔ་ལས་ ལས་འཛིན་གྱིས་ ལྷུན་གྲུབ་རྡོ་རྗེ་གི་ ཞུ་ཡིག་འབྲི་ཤོག་ ཞིབ་དཔྱད་འབད་བའི་སྐབས་ ལཱ་གཡོག་མེདཔ་སྦེ་ མཐོང་ཡོདཔ་ད་ ལས་འཛིན་གྱིས་ ལཱ་གཡོག་ལྷན་ཁག་ནང་ བདེན་དཔྱད་འབད་བའི་སྐབས་ མི་ངོམ་དེ་ ལྷན་ཁག་ནང་ ཁག་འབག་ཐོག་ ལཱ་འབད་དོ་ཡོདཔ་ ཤེས་ཞིནམ་ལས་ ཁོ་ ཕྱིར་བཏོན་འབད་ཡི་ཟེར་ཞུ་ཡི།

རྩོད་ཟླ་གིས་ རྩོད་རྩ་དེ་ སོར་ཐེབས་ནང་ཨིན་ཟེར་ ག་ཏེ་ཡང་ སླབ་པ་དང་ བཀོད་བཀོདཔ་མེདཔ་ད་ རྩོད་རྩ་ཁོ་ར་ སྐུགས་ཐོབ་མི་ལུ་བརྟེན་ ཨང་༣ པ་ ཐོབ་ཅི་ཟེར་ཞུ་ཡི།

ལས་གཡོག་ལྷན་ཁག་གི་ གསར་བཙུགས་དང་ གདམ་འཐུ་སྒྲིགས་གཞི་༢༠༡༢ ཅན་མའི་ དོན་ཚན་༧ པའི་ག་པ་དང་ འཁྲིལཝ་ད་ ལཱ་གཡོག་འཐོབ་ནིའི་དོན་ལུ་ གཡོ་སྒྱུའི་བྱ་ངན་བརྩམ་པ་ཅིན་ ལཱ་གཡོག་སྤྲོད་ནི་ལུ་ འོས་འབབ་ཀྱི་ཁྱད་ཚད་མ་ཚངམ་སྦེ་འཁོད་ཡོདཔ་ལས་ རྩོད་རྩ་ལུ་ གོ་སྐབས་བྱིན་མ་ཚུགས་ཟེར་ཞུ་ཡི།

རྩོད་རྩ་གིས་ བརྒལ་ལན་ནང་ ཕུལ་མིའི་དོན་ཚན་ཚུ་ ད་ལྟོའི་རྩོད་གཞི་དང་ འབྲེལ་བ་མེདཔ་མ་ཚད་ འགྲེལ་བཤད་ཡང་ གོ་བ་ཕྱི་འགྱུར་སྦེ་ལེན་ཡོདཔ་ལས་ རྩོད་གཞི་དེའི་ ཁྲིམས་མཐུན་བྱ་རིམ་ཚུ་ ཕྱི་འགྱུར་འཁྱིད་ནིའི་ དཔའ་བཅམ་མས་ཟེར་ཞུ་ཡི།

རྩོད་རྩ་གིས་ ལས་འཛིན་གྱི་འགོ་དཔོན་༣ གྱིས་ ཁོ་ལས་ གནང་བ་མེད་པར་ ཁོ་གི་ཆ་རོགས་ལུ་ དབང་བཙོང་ཐོག་ལས་ ངག་བརྗོད་ལེན་བཅུག་ནུག་ཟེར་མི་དེ་ གཞི་མེདཔ་སྦེ་ ཞུ་ཡོདཔ་ད་ དེ་ཡང་ དབང་པོ་ལས་ ངག་བརྗོད་ལེན་ནིའི་དོན་ལུ་ རྩོད་རྩ་ལས་ ག་ཅི་སྦེ་ གནང་བ་ལེན་དགོཔ་ཨིན་ན་ཟེར་ ཞུ་ཡི།

དེ་མ་ཚད་ ཡིག་ཆ་ནང་ལུ་ དབང་པོ་གི་ ངག་བརྗོད་དེ་ཡང་ཡོདཔ་ལས་ ངག་བརྗོད་ལེན་ནི་དེ་ ཁྲིམས་འགལ་ཨིན་པ་ཅིན་ ལྷན་ཚོགས་ཀྱི་དེ་འཕྲོ་ལས་ ཕྱིར་འབུད་གཏང་གཏངམ་འོང་ཟེར་ ཞུ་ཡི།

རྩོད་རྩ་གིས་ ལས་འཛིན་གྱི་ འགོ་དཔོན་༣ དགོངས་ཕོག་གཏང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ལས་ ཉེས་འཛུགས་དེ་ བདེན་ཁུངས་བཀལ་དགོ་པའི་ གསོལ་འདེབས་ཞུ་ཡོདཔ་ད་ བདེན་ཁུངས་བཀལ་མ་ཚུགས་པ་ཅིན་ རྩོད་རྩ་ལུ་ འོས་ལྡན་གྱི་ཉེས་བྱ་བཀལ་དགོ་པའི་ཞུ་བ་ ཕུལ་ཡི

རྩོད་དོན་དེ་ སྒྲུབ་བྱེད་སྙན་གསན་ འགོ་འདྲེན་འཐབ་ནི་ལུ་ ལྷོད་ཡོདཔ་ལས་ སྤྱི་ཟླ་༡༠ པའི་ཚེས་༣ ལུ་ རྩོད་རྩ་གི་ སྒྲུབ་བྱེད་གསལ་སྟོན་འབད་ནི་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *