གསོལ་ཇའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།

འབྲུག་རི་དྭགས་དང་ མཐའ་འཁོར་སྲུང་སྐྱོབ་ ཤུལ་མའི་ཟླཝ་༡༡ པའི་ནང་ འགོ་བཙུགས་ནི།

༉ རྒྱལ་ཁབ་ནང་ སྲུང་སྐྱོབ་འབད་ཡོད་པའི་ ས་ཁོངས་ཚུ་ འཛིན་སྐྱོང་འབད་ནིའི་དོན་ལུ་ འབྲུག་རི་དྭགས་དང་ མཐའ་འཁོར་སྲུང་སྐྱོབ་ཟེར་མི་ ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ འགོ་བཙུགས་ནི་ལུ་ གྲ་སྒྲིག་སོང་སྟེ་ ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ ཐིམ་ཕུག་ལུ་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་༢༠ གི་ མཉམ་འབྲེལ་ཞལ་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གནས་ཚུལ་དང་འདྲཝ་སྦེ་གསུངས་ཡི།
ལས་འགུལ་དེ་ཡང་ རྒྱལ་ཁབ་ནང་གི་ སྲུང་སྐྱོབ་ས་ཁོངས་དང་ སྐྱེ་ལྡན་རིགས་སྣའི་ བར་ལམ་ཚུ་ ཡུན་བརྟན་སྦེ་ བཞག་ཐབས་ལུ་དམིགས་ཏེ་ གཞི་བཙུགས་འབད་ནི་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཨེ་མི་རི་ཀའི་ རྒྱལ་ཁབ་ནང་ བྱོན་པའི་སྐབས་ སྔོ་ལྗང་གནམ་གཤིས་མ་དངུལ་གྱིས་ ཡུ་ཨེསི་ཌོ་ལར་ས་ཡ་༢༦.༥ གྲོགས་རམ་བྱིན་ནི་སྦེ་ ཁ་བཟེད་དེ་ཡོད་རུང་ ལས་འགུལ་དེ་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༤༥ དེ་ཅིག་ དགོཔ་ཡོད་ཟེར་ཨིན་པས།
ལས་འགུལ་དེ་ དུས་ཅི་ ཆ་འཇོག་གྲུབ་སྟེ་འབད་རུང་ མ་དངུལ་མང་ཤོས་ར་ འཆར་གཞི་༡༢ པའི་ནང་རྐྱངམ་གཅིག་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱིས་འབད་བ་ཅིན་ གྲོགས་རམ་བྱིན་ནི་ལུ་ ཁ་བཟེད་མི་དེ་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ འགོ་དང་པ་ཨིན་རུང་ མ་དངུལ་བསྡུ་ལེན་གྱི་ དམིགས་གཏད་ཚུ་ གྲུབ་མ་ཚུགས་པར་ཡོདཔ་ལས་ ད་ལྟོ་ མ་དངུལ་བགོ་བཀྲམ་མ་འབད་བར་ཡོད་ཟེར་ཨིན་པས།
དམིགས་གཏད་དེ་ གྲུབ་པའི་ཤུལ་ལས་ གྲོགས་རམ་མ་དངུལ་ཚུ་ ལས་འགུལ་ནང་ ལོ་བསྟར་གྱི་ སྤྲོད་འཐུས་སྦེ་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ མ་དངུལ་དེ་ཡང་ ལོ་༡༤ འི་རིང་ལུ་ ལག་ལེན་འཐབ་པའི་ཤུལ་ལས་ གཞུང་གིས་ མ་དངུལ་རྒྱབ་སྐྱོར་ ཧྲིལ་བུམ་འབད་དགོ་ནི་ཨིན་པས།
གཞུང་གིས་ ལས་འགུལ་དེ་ནང་ མ་དངུལ་བཙུགས་ནིའི་དོན་ལུ་ སྣུམ་འཁོར་ནང་འདྲེན་གྱི་ཁྲལ་དང་ གློག་མེ་ལས་འགུལ་ནང་ སྐྱེ་ལྡན་རིམ་ལུགས་ཞབས་ཏོག་སྦེ་ སྤྲོད་པའི་འཐུས་ དེ་ལས་ སྐྱེ་ལྡན་དང་འབྲེལ་བའི་ ལྟ་བཤལ་གྱི་ འོང་འབབ་ཚུ་ ངོས་འཛིན་འབད་དེ་ ཡོདཔ་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ ལས་འགུལ་གྱི་ མ་དངུལ་དེ་ཡང་ སྲུང་སྐྱོབ་ས་ཁོངས་དང་ སྐྱེ་ལྡན་དང་འབྲེལ་བའི་ ལྟ་བཤལ་གྱི་ ལས་སྣ་ལ་སོགས་པ་ཚུ་ གོང་འཕེལ་དང་ འཛིན་སྐྱོང་འཐབ་ནི་ལུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
འཆར་གཞི་༡༢ པའི་ནང་ མ་དངུལ་ཚུ་ བགོ་བཀྲམ་འབད་ནིའི་དོན་ལུ་ ལས་སྣའི་གྲུབ་འབྲས་ཚུ་ ལེགས་ཤོམ་འགྱོ་བའི་བསྒང་ ཡོད་ཟེར་ཨིནམ་ད་ ཁ་ཙ་དྲོ་པ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དང་གཅིག་ཁར་ ཕྱད་པའི་སྐབས་ རྒྱ་གར་གཞུང་གིས་འབད་རུང་ འཆར་གཞི་༡༢ པའི་ནང་ གྲོགས་རམ་འབད་ནི་ལུ་ དང་འདོད་ཡོད་ལུགས་ཚུ་ སླབ་དེས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
དེ་བཟུམ་སྦེ་ ཡུ་རོ་པིན་མཐུན་ཚོགས་དང་ འཛམ་གླིང་སྤྱི་ཚོགས་ དེ་ལས་ ཇ་པཱན་གཞུང་གིས་ཡང་ འབྲུག་ལུ་ གྲོགས་རམ་འབད་ནི་ལུ་ ཁས་ལེན་འབད་དེ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཁྲི་འཛིན་ཚུ་ལུ་ བཤད་མིའི་ནང་ ས་གནས་གཞུང་སྒྲིང་སྒྲི་ བཟོ་ཐབས་ལུ་ ཁྲི་འཛིན་ཚུ་གི་ འགན་ཁུར་ཨིནམ་བཞིན་དུ་ འཆར་གཞི་༡༢ པའི་དོན་ལུ་ འཆར་གཞི་ཚུ་ ཟིན་བྲིས་བཏབ་པའི་སྐབས་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བར་ འཐོན་འོང་ཟེར་ཨིན་པས།
ཟིན་བྲིས་བཏབ་མི་ཚུ་ ཤུལ་མའི་གཞུང་ག་འོང་རུང་ དཀའ་ངལ་ག་ནི་ཡང་མེད་པར་ ལག་ལེན་འཐབ་ཆོགཔ་སྦེ་ བཟོ་བཞག་འོང་ཟེར་ བློན་ཆེན་གྱིས་ བཤད་པའི་ཁར་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ ད་ལྟོའི་གཞུང་གིས་ ལས་སྣ་ཚུ་ འཐུས་ཤོར་བྱུང་མི་ཚུ་ ངོས་འཛིན་འབད་དེ་ བྱིན་པ་ཅིན་ བཅོ་ཁ་རྐྱབ་ནི་གི་ དུས་ཚོད་ཨིན་ཟེར་བཤད་ཅི།
ཁྲི་འཛིན་༡ གིས་ ཁོང་ལུ་ འགན་འཁྲི་ཐེབས་ཕོག་སྟེ་ཡོདཔ་ལས་ གཞུང་གིས་ སྒྲིག་གཡོག་སྣུམ་འཁོར་དང་ ཐོབ་སྐལ་གནང་དགོཔ་འདུག་ཟེར་ བློན་ཆེན་ལུ་ ཞུ་ཡི།
བློན་ཆེན་གྱིས་ བཤད་མིའི་ནང་ ཐོབ་སྐལ་བྱིན་ནི་ལུ་ ད་ལྟོ་ ཧ་ར་ཧ་བས་ཟེར་ཨིནམ་ད་ ཁྲི་འཛིན་ཚུ་གིས་ ས་གནས་གཞུང་ནང་ ལཱ་འབད་ནི་ལུ་ ལོ་༤ ཡོདཔ་ལས་ དུས་ཡུན་ཚང་ནི་མས་ཟེར་ མནོ་དོ་ཡོདཔ་ འོང་ནི་ཨིན་རུང་ ཐོབ་སྐལ་ཚུ་ ད་ལྟོ་ལས་ར་ བྱིན་པ་ཅིན་ རྒཔོ་གཞན་ཚུ་གིས་ ཁ་གཏང་ནི་དང་ སྟབས་མ་བདེཝ་འཐོན་ནི་གི་ ཉེན་ཁ་འདུག་ཟེར་གསུངས་ཡི།
ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ལུང་བསྟན་རྡོ་རྗེ་གིས་ སླབ་མིའི་ནང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གི་འགན་ཁུར་ ཤེས་རྟོགས་འབྱུང་ནིའི་དོན་ལུ་ དེ་བཟུམ་མའི་ ཞལ་འཛོམས་དེ་ འཕྲལ་འཕྲལ་སྦེ་ར་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒཔོ་ཚུ་ལུ་ སྦྱོང་བརྡར་བྱིན་ནི་དང་ གོ་བ་བརྡ་སྤྲོད་འབད་ནི་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༢༠ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
ཉིན་གྲངས་༢ ཀྱི་རིང་ལུ་ འགོ་འདྲེན་འཐབ་མི་ ཞལ་འཛོམས་ནང་ ཁྲི་འཛིན་ཚུ་གིས་ མི་སྟོབས་དང་འབྲེལ་བའི་ གནད་དོན་དང་ ས་གནས་གཞུང་གི་ འཕྲི་སྣོན་བཅའ་ཁྲིམས་༢༠༡༤ ཅན་མ་ དེ་ལས་ རྒེད་འོག་གི་ འཆར་དངུལ་སྐོར་ལས་ གྲོས་བསྡུར་འབད་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *