སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཉམས་གསོ་ལེགས་པར་བསྒྲུབས་ཏེ་ རབ་གནས་མཛད་གནང་མི་ འབྲུག་ར་ལུང་བཤད་སྒྲུབ་ཆོས་གླིང་ལྷ་ཁང་།

འབྲུག་ར་ལུང་བཤད་སྒྲུབ་ཆོས་གླིང་ལྷ་ཁང་ནང་ མི་ལ་རས་པའི་སྐུ་རྟེན་ བཞུགས་སུ་གསོལ་ཡོདཔ།

༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་དཀར་སྦིས་ས་ལུ་ འབྲུག་ར་ལུང་བཤད་སྒྲུབ་ཆོས་གླིང་ལྷ་ཁང་ ཉམས་གསོའི་རབ་གནས་གནངམ་དང་འབྲེལ་ ལྷ་ཁང་གི་ནང་རྟེན་ སངས་རྒྱས་འོད་དཔག་མེད་ཀྱི་སྙིང་ཁར་ སྲིངམོ་པེ་ཏ་མགོན་སྐྱིད་ཀྱིས་བཞེངས་མི་ རྗེ་བཙུན་མི་ལ་རས་པའི་ སྐུ་འདྲ་ཅིག་ ནང་རྟེན་གཙོ་ཅན་སྦེ་ བཞུགས་སུ་གསོལ་གནང་ཡི།
མི་ལོ་༩༠༠ དེ་ཅིག་ལང་མི་ སྲིངམོ་པེ་ཏ་མགོན་སྐྱིད་ཀྱི་ ཕྱག་བཟོ་སྐུ་གསུང་བྱོན་མ་དེ་ བོད་ལུ་ཡོད་མི་ འབྲུག་གསང་སྔགས་ཆོས་གླིང་ལྷ་ཁང་གི་ ནང་རྟེན་བྱིན་ཅན་ཅིག་ཨིནམ་ད་ ལྷ་ཁང་དེ་ཡང་ དུས་རབས་༡༦ པའི་ རྒྱལ་དབང་འབྲུག་པ་སྐུ་ཕྲེང་༤ པ་ ཀུན་མཁྱེན་པདྨ་དཀར་པོ་གིས་ གདན་ས་ཕྱག་བཏབ་གནང་ནུག།
སྲིངམོ་པེ་ཏ་མགོན་སྐྱིད་དེ་ རྗེ་མི་ལ་རས་པའི་ སློབ་མ་མོ་༤ ཡོད་མིའི་གྲས་ལས་གཅིག་ཨིནམ་ད་ དང་ཕུ་འབད་བ་ཅིན་ མི་ལ་རས་པའི་ སྐུ་འདྲ་བྱིན་ཅན་ལས་ འཕྲལ་འཕྲལ་ར་ ཡ་མཚན་ཆེ་ཏོག་ཏོ་སྦེ་ དབུ་གུ་ལས་ དབུ་སྐྲ་སྐྱེས་བའི་ཁར་ གསུང་འབྱོན་ནི་ཡོདཔ་ཨིན་པས།

སྨན་འཇིམ་ལས་བསྒྲུབས་པའི་ རིང་ཚད་ཨིན་ཅི་༥ དེ་ཅིག་འབད་མི་ སྐུ་རྟེན་དེ་ཡང་ བོད་ལས་ བཀའ་བརྒྱུད་བླམ་ཚུ་གིས་ རིམ་པ་བཞིན་དུ་ གདན་འདྲེན་ཞུ་སྟེ་ ད་ལྟོ་ཞལ་བཞུགས་མི་ རྒྱལ་དབང་འབྲུག་པ་གིས་ རྒྱལ་བ་མདོ་ཁམས་པ་ འཇིགས་མེད་པདྨ་ཉིན་བྱེད་ལུ་ སྐུ་སྒེར་གྱི་རིང་བསྲེལ་སྦེ་ ཕུལ་མི་དེ་ཡང་ འབྲུག་འདི་ གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་ ཆོས་ལུགས་འཛིན་མི་དང་ སྲོལ་རྒྱུན་གྱི་ཆོས་ཡར་སྤེལ་འབད་མི་ རྒྱལ་ཁབ་ཅིག་འབདཝ་ལས་ ནང་པ་སངས་རྒྱས་པའི་ཆོས་ གོང་འཕེལ་ལུ་དམིགས་ཏེ་ཨིན་པས།
འབྲུག་ར་ལུང་བཤད་སྒྲུབ་ཆོས་གླིང་ལྷ་ཁང་གི་དབུ་འཛིན་ ནོར་བུ་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱལ་བ་མདོ་ཁམས་པ་ ཁམས་སྤྲུལ་རིན་པོ་ཆེ་གིས་ སྐུ་རྟེན་དེ་ ཁོ་དང་གཅིག་ཁར་བཞག་རུང་ དོན་དག་མེདཔ་ལས་ བསྟན་པ་དང་སེམས་ཅན་ དེ་ལས་ འབྲུག་རྒྱལ་ཁབ་ཀྱི་ མཐའ་དོན་ལུ་དམིགས་ཏེ་ ལྷ་ཁང་གི་ ནང་རྟེན་ཡེ་ཤེས་སེམས་དཔའ་སྦེ་ ཕུལ་ཡི་ཟེར་ཨིན་པས།
དེ་མ་ཚད་ དམིགས་བསལ་གྱི་ སྐུ་རྟེན་དེ་ ལྷ་ཁང་ཉམས་གསོ་ཞུ་མིའི་ནང་ ཕུལ་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་ མི་དབང་འབྲུག་རྒྱལ་བཞི་པ་དང་ མི་དབང་སྐུ་འཁོར་ དེ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་རྣམས་ སྐུ་ཚེ་ཞབས་པད་བརྟན་ནི་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཚུ་ ཕུན་སུམ་ཚོགས་ཐབས་ལུ་དམིགས་ཏེ་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན མི་ལ་རས་པའི་ སྐུ་དེ་ཡང་ ཁོ་རའི་སྲིངམོ་གི་ ཕྱག་བཟོ་དང་ རབ་གནས་ཡང་ ཁོ་གིས་ གནང་ཡོད་མི་ལུ་བརྟེན་ བྱིན་བརླབས་ཅན་ཅིག་ཨིནམ་ལས་ ད་ལས་ཕར་ སྐུ་འདྲ་དེ་ མི་སེར་ཚུ་གིས་ ནམ་ར་འབད་རུང་ མཇལ་ནི་གི་ གོ་སྐབས་འཐོབ་ཟེར་ བཤདཔ་ཨིན་པས།
འབྲུག་ར་ལུང་བཤད་སྒྲུབ་ཆོས་གླིང་ལྷ་ཁང་དེ་ རྗེ་མཁན་ཁྲི་རབས་༢ པ་ སྐྱབས་རྗེ་ཀུན་མཁན་ཆེན་ཁྲི་རབས་རིན་པོ་ཆེ་བསོད་ནམས་འོད་ཟེར་གྱིས་ བཞེངས་གནང་ཡོདཔ་ད་ ད་རེས་ ལྷ་ཁང་དེ་ནང་ དགེ་སློང་ཞལ་གྲངས་༤༠ དེ་ཅིག་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *