འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱི་ དངུལ་ཕོགས་དང་ གླ་འཐུས་ཚུ་གི་ འོས་འབབ་བལྟ་ནི།

༉ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་ནང་ འཛུལ་མི་ཚུ་ལུ་ དངུལ་ཕོགས་མཐོ་སུ་བྱིན་ནིའི་ གསལ་བསྒྲགས་འབད་མི་དེ་ གཞུང་གིས་ དེ་འཕྲོ་ལས་ ཆ་མེད་བཏང་ཡོད་པའི་ གསལ་བསྒྲགས་འབད་མི་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ འཐུས་མི་ཚུ་གིས་ དྲི་བཀོད་འབད་ནིའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

དེ་ཡང་ གཞུང་གིས་ དངུལ་ཕོགས་དང་ གླ་འཐུས་གཞན་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ འཐོབ་ནི་ཨིན་པའི་ གསལ་བསྒྲགས་འབད་བའི་སྐབས་ ན་གཞོན་ཚུ་ སེམས་ཤུགས་སྦོམ་ཐོབ་ཡོད་རུང་ ཆ་མེད་ཀྱི་གསལ་བསྒྲགས་འབད་མི་དེ་གིས་ སེམས་དཔའ་ཞུམ་པའི་ གཞི་ལུ་གྱུར་ནུག་ཟེར་ ཆུ་སྨད་ཨུ་རའི་འཐུས་མི་ དྲུང་འཚོ་ཀརྨ་དབང་ཕྱུག་གིས་ ཞུ་ཡི།

འཐུས་མི་གིས་ ལས་འགུལ་གཞི་བཙུགས་འབདཝ་ད་ ལས་གཡོག་ལྷན་ཁག་གིས་ དེ་ནང་ འཛུལ་ཞུགས་འབད་མི་ ན་གཞོན་ ཚུ་ཡོད་པ་ཅིན་ ལྕོགས་གྲུབ་དང་ཁྱད་རིག་ཚུ་ལུ་ གཞི་བཞག་སྟེ་ དངུལ་ཕོགས་དངུལ་ཀྲམ་༢༥,༠༠༠ལས་༣༢༠༠༠བར་ན་ བྱིན་ནིའི་ གསལ་བསྒྲགས་འབད་ཡི་ཟེར་ཞུ་ཡི།

གསལ་བསྒྲགས་དེ་ལུ་ ན་གཞོན་ཚུ་ སེམས་དགའ་སྟེ་ཡོད་རུང་ བདུན་ཕྲག་༡ དེ་ཅིག་གི་ཤུལ་ལས་ གསལ་བསྒྲགས་ཆ་མེད་ བཏངམ་ད་ ན་གཞོན་ཚུ་ སེམས་དཔའ་ཞུམ་ནུག་ཟེར་ཞུ་ཡི།

འཐུས་མི་གིས་ དེ་བཟུམ་མའི་ གསལ་བསྒྲགས་ཚུ་འབདཝ་ད་ གཞུང་གིས་ ཞིབ་འཚོལ་ཚུ་ག་ནི་ཡང་མ་འབད་བར་ འབདཝ་ ཨིན་ན་ཟེར་ ཚོགས་ཁང་ནང་ དོགས་སེལ་ཞུ་དགོ་པའི་ དྲི་བ་ཞུ་ཡི།

དེའི་ལན་ལུ་ ལས་གཡོག་བློན་པོ་གིས་ ལས་འགུལ་དེ་གིས་ ཁེ་ཕན་ཐད་ཁར་ གཡོག་གི་གོ་སྐབས་རྐྱངམ་གཅིག་མེན་པར་ མ་འོངས་པའི་ནང་ བཟོ་སྐྲུན་ལས་སྡེ་ནང་དགོ་པའི་ ཁྱད་རིག་ཅན་གྱི་ལས་མི་ཚུ་ ནང་འཁོད་ལས་ བཏོན་ཚུགསཔ་འབད་ནིའི་ འཆར་གཞི་ཨིན་ཟེར་ བློན་པོ་གིས་ཞུ་ཡི།

ན་གཞོན་ཚུ་ལུ་ དངུལ་ཕོགས་དེ་ ཕྱིའི་ལས་མི་དང་འདྲན་འདྲ་ བྱིན་མ་ཚུགས་པ་ཅིན་ མི་བཏུབ་པས་ཟེར་ ཡར་སེང་གི་གསལ་ བསྒྲགས་འབད་ཡོད་རུང་ བཟོ་སྐྲུན་ནང་ལཱ་འབད་མི་དེ་ ཁག་འབགཔ་ཚུ་ཨིནམ་ལས་ ཁོང་དང་གཅིག་ཁར་གྲོས་བསྟུན་འབདཝ་ད་ མི་བཏུབ་པས་ཟེར་ སླབ་ཡོད་རུང་ མ་འོངས་པ་ལུ་ ཁེ་ཕན་སེང་ནིའི་འོས་འབབ་ཡོད་ཟེར་ཞུ་ཡི།

ད་ལྟོ་ ལས་འགུལ་དེ་གི་དོན་ལུ་ ན་གཞོན་༡,༤༠༠དེ་ཅིག་ཡོད་པའི་ཁར་ ལོ་༡ གི་རྒྱབ་ལས་ རིག་རྩལ་ཅན་གྱི་ལས་མི་༣,༠༠༠དེ་ཅིག་ བཏོན་ནིའི་དམིགས་གཏད་ཨིན་ཟེར་ཞུ་ཡི།

དངུལ་ཕོགས་དང་ གླ་འཐུས་ཀྱི་ཐད་ཁར་ བློན་པོ་གིས་ གཞུང་གིས་ གསལ་བསྒྲགས་འབད་བའི་ཤུལ་ལས་ འབྲེལ་བ་ཡོད་པའི་ ལས་སྡེ་ཁག་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་བལྟཝ་ད་ ཁེ་ཕན་ཚུ་བལྟ་དགོཔ་ཐོན་ཏེ་ ཆ་མེད་ཀྱི་གསལ་བསྒྲགས་ འབད་ཡི་ཟེར་ ཞུ་ཡི།

ཨིན་རུང་ ད་རེས་ ཆུ་སྨད་འཕྲུལ་རིག་སྤེལ་ཁང་ནང་ ན་གཞོན་༡༠༠སྦྱོང་བརྡར་གྱི་ ཁེ་ཕན་ཐོབ་སྟེ་ཡོད་པའི་ཁར་ ན་གཞོན་ཚུ་ སེམས་དགའ་སྟེ་འདུག་ཟེར་ཞུ་ཡི།

དེ་གི་གྲས་ཁར་ སྦྱོང་བརྡར་གྱི་ ལག་ཁྱེར་འཆང་མི་ ཤོ་ཐེངས་དང་པ་དང་༢ པའི་ནང་ལས་༨༠དེ་ཅིག་ ཡོད་པའི་ཁར་ ལས་འགུལ་དེ་གི་འོག་ལུ་ ཁྱད་རིག་དང་ལྡན་པའི་སྡེ་ཚན་ཁག་༣༦ དེ་ཅིག་ བཟོ་ཡོད་མི་དེ་གིས་ བཟོ་སྐྲུན་གྱི་དོན་ལུ་ ཚོང་འབྲེལ་གྱི་ ཞབས་ཏོག་ཚུ་ ཁྱད་རིག་སྣ་མང་བྱིན་ཐབས་ལུ་ གཞུང་གིས་ ཁོང་ལུ་ འཕྲུལ་ཆས་ཀྱི་ཞབས་ཏོག་བྱིན་ཏེ་ཡོདཔ་ད་ དེ་ཡང་སྤེལ་ཁང་ཚུ་ནང་ལས་ ཐོན་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བཟོ་ཐབས་ལུ་ གཞི་བཙུགས་འབད་དེ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།

དེ་ཡང་ བློན་པོ་གིས་ གླ་འཐུས་དེ་ ཡར་སེང་འབད་བ་ཅིན་ ལས་སྡེ་གཞན་ཚུ་ལུ་ ཐོ་ཕོག་འོང་མནོ་སྟེ་ གནས་སྐབས་ཅིག་ མཚམས་འཇོགས་འབད་དགོཔ་ཐོན་ཡི་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *