སྤྱི་ལོ་༡༩༨༠ ལུ་ གཞི་བཙུགས་འབད་མི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ཡིག་ཚང་།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ ཁྲིམས་མཐུན་ལས་སྡེ་ བཟོ་ནི་ལུ་བརྩོན་ཤུགས།

༉ འབྲུག་ཚོང་དང་བཟོ་གྲྭའི་ཚོགས་སྡེ་དེ་ སྒེར་སྡེ་ཚུ་གི་ དབང་འཛིན་མཐོ་ཤོས་ཨིན་པའི་ ཁྲིམས་མཐུན་ངོས་འཛིན་ཡོདཔ་བཟོ་ཐབས་ལུ་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནུག།
དེ་ཡང་ ན་ཧིང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྙན་ཞུ་གསར་བཏོན་འབད་བའི་སྐབས་ ཚོགས་སྡེའི་ཁྲིམས་དོན་འགན་འཁྲི་དང་ བྱ་སྒོ་འཐབ་མི་ཚུ་ ཁྲིམས་མཐུན་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ དྲི་བཀོད་འབད་ཡོདཔ་མ་ཚད་ ཚོགས་སྡེ་དེ་ ཁྲིམས་ག་ཅིའི་ ཁྱབ་དབང་ནང་ མ་ཚུད་པས་ཟེར་ གསལ་བཀོད་འབད་མི་ལུ་བརྟེན་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་སྡེ་དེ་ སྒེར་སྡེ་ཚུ་གི་ དབང་འཛིན་མཐོ་ཤོས་སྦེ་ བྱ་སྒོ་འཐབ་ད་ ག་དེ་སྦེ་ ཁྲིམས་མཐུན་ཡོདཔ་ བཟོ་ནི་ཨིན་ན་ ལཱ་འབད་མི་ ཚོགས་ཆུང་གསུམ་དེ་ཅིག་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
ཚོགས་སྡེའི་དོན་ལུ་ ཁྲིམས་ཡིག་ཅིག་ བཟོ་བ་ཅིན་ ཁྲིམས་འགལ་གྱི་ འགན་ཁུར་འབག་ནི་དང་ ལག་ལེན་ཁྲིམས་མཐུན་འཐབ་ནི་ལུ་ དྭངས་གསལ་འགྱོ་ནི་ཨིནམ་ད་ དཔྱད་ཡིག་ཟིན་བྲིས་ཀྱི་དོན་ལུ་ གྲོས་བསྟུན་ཚུ་ འབད་བའི་བསྒང་ཡོད་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
ཚོགས་སྡེ་གིས་ སྤྱི་ལོ་༢༠༠༦ ལུ་ དཔྱད་ཡིག་ཟིན་བྲིས་བཏབ་ཐོག་ལས་ སྤྱི་ཚོགས་ལུ་ ཕུལ་ཡོད་རུང་ དེ་བསྒང་གི་ ཚོགས་དཔོན་གྱིས་ དཔྱད་ཡིག་དེ་ལུ་ ངོས་ལེན་འབད་མ་བཏུབ་ལས་ བཅའ་ཁྲིམས་སྦེ་ ཆ་འཇོག་གྲུབ་མ་ཚུགས་པས་ཟེར་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༢ ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ ཚོགས་སྡེའི་དཔྱད་ཡིག་ བརྩམ་ནི་ལུ་ རྩ་འགེངས་ཡོད་རུང་ གཞུང་ལས་ རྒྱབ་སྐྱོར་མ་ཐོབ་ལས་ མཐར་འཁྱོལ་ བྱུང་མ་ཚུགས་པས།
སྤྱི་ལོ་༢༠༡༢ ལུ་ ཡོངས་ཁྱབ་དྲུང་ཆེན་གྱིས་ དཔྱད་ཡིག་དགོཔ་ཡོད་པའི་ བསམ་གཞི་བཀོད་མིའི་ནང་ གྲོས་འཆར་ཕུལ་མི་དེ་གིས་ ཚོགས་སྡེའི་ཁྲིམས་དོན་ གཞི་རྟེན་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནིའི་ནང་ བཅའ་མར་གཏོགས་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ཁྲིམས་མཐུན་བཟོ་ནིའི་ གནད་དོན་གཞན་ཚུ་ནང་ གཞུང་གིས་ རྒྱབ་སྐྱོར་གནང་ནི་ལུ་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།
ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ བཤད་མིའི་ནང་ སྒེར་སྡེ་ལུ་ རྒྱབ་སྐྱོར་གྱི་ ཆ་ཤས་ཅིག་སྦེ་ ཚོགས་སྡེའི་ཁྲིམས་དོན་དང་འབྲེལ་བའི་ གནད་དོན་སེལ་ཐབས་འབད་ནི་ལུ་ གཞུང་གིས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཚོགས་སྡེ་དང་ ལཱ་འབད་ཡོདཔ་བཞིན་དུ་ཡོད་ཟེར་ཨིན་པས།
ཚོགས་སྡེ་གཞི་བཙུགས་འབད་མི་ལུ་ ཁྲིམས་ཀྱི་ངོས་འཛིན་མེདཔ་ལས་ རྒྱལ་སྤྱི་གནས་ཚད་དང་ ནང་འཁོད་ལུ་ གོ་བརྡའི་ཆིངས་ཡིག་ཚུ་གུ་ མཚན་རྟགས་བཀོད་པའི་སྐབས་ ཁྲིམས་མཐུན་གྱི་ དྲི་བ་བཀོད་མི་ ཐོན་དོ་ཡོདཔ་ད་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ (སཱག)ཚོང་དང་བཟོ་གྲྭ་དང་ ལས་འགུལ་གན་ཡིག་ཚུ་བརྩིས་ཏེ་ ཚོགས་སྡེ་གིས་ གོ་བརྡའི་ཆིངས་ཡིག་༡༢ དེ་ཅིག་ནང་ མཚན་རྟགས་བཀོད་ནུག།
ཚོགས་སྡེ་དེ་ གཞུང་མིན་ལས་ཚོགས་སྦེ་ ཐོ་བཀོད་འབད་དགོ་པའི་ བསམ་འཆར་ཚུ་ བཀོད་མི་ཡང་ ཐོན་ཡོད་རུང་ ཚོགས་སྡེ་གིས་འབད་བ་ཅིན་ གཞུང་མིན་ལས་ཚོགས་དང་ ཚོགས་སྡེའི་བར་ན་ འགན་འཁྲི་ཐ་དད་ཨིནམ་བཞིན་དུ་ ཚོགས་སྡེ་ནང་ སྒེར་སྡེའི་འཐུས་མི་ཚུ་ཡོདཔ་ལས་ མི་སྡེའི་འགན་ཁུར་མེད་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མིའི་ནང་ ཚོགས་སྡེ་གིས་ སྒེར་སྡེའི་དོན་ལུ་ ལཱ་འབད་དེ་ སྲིད་བྱུས་དང་འབྲེལ་བའི་ གྲོས་འདེབས་ཚུ་ གཞུང་ལུ་ ཕུལཝ་ཨིན་རུང་ གཞུང་ལས་ སྒེར་སྡེའི་གནད་དོན་ག་ར་ ངོས་ལེན་འབད་ནི་མེད་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལས་འབྲེལ་སྙན་ཞུ་དང་འཁྲིལཝ་ད་ ཚོགས་སྡེ་དེ་ སྒེར་སྡེ་གོང་འཕེལ་གཏང་ནི་གི་ དབང་འཛིན་ཅིག་ཨིནམ་ལས་ གཞི་བཞག་སའི་ ཁྲིམས་ཀྱི་ངོས་འཛིན་དགོ་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ ཚོགས་སྡེའི་འཐུས་མི་ཚུ་གི་བར་ན་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ ཐེངས་༣༢ པ་འཚོགས་པའི་སྐབས་ གཞི་བཞག་སའི་ ཁྲིམས་མཐུན་མེད་པའི་ དྲི་བཀོད་འབད་མི་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་བཞིན་དུ་ གནད་དོན་དེ་ སེལ་ཐབས་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དེ་ སྤྱི་ལོ་༡༩༨༠ ལུ་ གཞི་བཙུགས་འབད་ཡོད་རུང་ སྤྱི་ལོ་༡༩༨༨ ཚུན་ ལག་ལེན་མ་འཐབ་པར་ ལུས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *