འབྲུག་མི་ཚུ་ སེམས་ཅན་ལུ་ སྙིང་རྗེ་ཡོད་རུང་ ཤ་སྤང་མ་ཚུགསཔ།

༉ རང་ཟླ་བཞི་པ་འདི་ ས་ག་ཟླ་བའི་ དུས་ཆེན་ཁྱད་པར་ཅན་ཨིནམ་ལས་ གཞུང་གིས་ཡང་ ཟླཝ་འདི་ནང་ སེམས་ཅན་སྲོག་གཅོད་འབད་ནི་དང་ ཤ་རིགས་ཉོ་ཚོང་འཐབ་ནི་ཚུ་ བཀག་དམ་འབད་དེ་ ལོ་ངོ་༡༤ ལྷགཔ་ཅིག་ སོང་ཡོདཔ་ཨིན།
ཤ་རིགས་ཚུ་ ས་ག་ཟླ་བའི་སྐབས་ལུ་ རྐྱངམ་གཅིག་མེན་པར་ རང་ཟླ་དང་པའི་ ཆོ་འཕྲུལ་ཟླཝ་དང་ དུས་བཟང་ཚུ་ནང་ ཉོ་བཙོང་འཐབ་མ་ཆོགཔ་སྦེ་ བཀག་དམ་འབད་ཡོད་མི་དེ་ཡང་ ད་ལྟོ་ ཁྲི་ཐོག་ལུ་བཞུགས་མི་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གལ་སྲིད་ གཞུང་གིས་ དུས་བཟང་ཚུ་ནང་ ཤ་ཉོ་བཙོང་འཐབ་ནི་ཚུ་ བཀག་དམ་འབད་བ་ཅིན་ སེམས་ཅན་སྟོང་ཕྲག་ལས་བཅད་དེ་ སྲོག་གཅོད་འབད་ནི་ལས་ བཀག་ཚུགས་འོང་ཟེར་ བཀའ་ཤོག་གནང་མི་དང་འཁྲིལ་ཨིན་མས།
དེ་བཟུམ་མའི་ དུས་བཟང་ཚུ་ནང་ ཤ་རིགས་བཙོང་ནི་མེད་རུང་ འབྲུག་པའི་བཞེས་སྒོའི་དོན་ལུ་ ཤ་འདི་ མེད་ཐབས་མེདཔ་ཅིག་ལུ་ གྱུར་ཡོདཔ་ལས་ ཁྲོམ་ཁར་སྡོད་མི་ མང་ཤོས་ཅིག་གིས་ར་ ཤ་རིགས་བཀག་དམ་འབད་མ་རནམ་ཅིག་ཁར་ ག་ཐོབ་རྐྱབ་སྟེ་ ཉོ་ཞིནམ་ལས་ བསགས་བཞགཔ་ཨིན་མས།
ཤ་གི་མཁོ་འདོད་ཡར་འཕར་འགྱོཝ་ད་ར་ སེམས་ཅན་མངམ་སྦེ་ སྲོག་གཅོད་འབད་དོ་ཡོདཔ་ལས་ ཟླཝ་༡ དེ་ཅིག་ སྡོད་ནི་གི་ སེམས་ཅན་ཚུ་ ཟླཝ་༡ གི་ཧེ་མ་ལས་ སྲོག་གཅོད་འབདཝ་ཨིན་མས།
ང་བཅས་རའི་ མི་ཚུ་གིས་ འབྲུག་འདི་ ཆོས་ལྡན་གྱི་ རྒྱལ་ཁབ་ཨིནམ་མ་ཚད་ མི་ཚུ་ཡང་ ཆོས་སེམས་ཅན་ཨིནམ་ལས་ འགྲོ་བ་རིགས་དྲུག་གི་ སེམས་ཅན་ཐམས་ཅད་ལུ་ བྱམས་སྙིང་བསྐྱེད་དེ་ སེམས་ཅན་སྲོག་གཅོད་འབད་ནི་མི་འོང་ཟེར་ ཁ་གིས་ སླབ་མི་དང་ རང་གི་གདོང་ཁར་ བྱ་ཤ་དང་ ནོར་ཤ་ ཕག་ཤ་ ཉ་ཤ་ག་ཅི་ཡོདཔ་ཅིག་ གཡང་ཟ་བག་ཟོན་ ག་ནི་ཡང་མེད་པར་ ཟ་མི་ལུ་ བལྟ་བ་ཅིན་ ནང་པའི་ཆོས་ནང་ སེམས་ཅན་ཆ་མཉམ་ར་ ང་བཅས་ཀྱི་ ཚེ་སྔ་མའི་ དྲིན་ཅན་གྱི་ ཕམ་ཨིནམ་སྦེ་ ཆ་བཞག་མི་དང་ རྒྱབ་འགལ་འགྱོཝ་ཨིན་མས།
ང་བཅས་ཀྱི་མི་ཚུ་ སེམས་ཅན་ལུ་ བྱམས་པ་དང་ སྙིང་རྗེ་ཡོད་རུང་ ཕྱོགས་གཅིག་ལས་ ཤ་རིགས་རྩ་ལས་ སྤང་མ་ཚུགས་མི་དེ་ ཁ་དང་ལགཔ་གཉིས་ རྟགས་མ་མཐུན་པའི་ མངོན་གསལ་བྱུངམ་མས།
གོང་ལུ་བཀོད་དོ་བཟུམ་ མི་གིས་ མཁོ་འདོད་མ་བཀོད་པ་ཅིན་ ཤ་རིགས་ཚུ་ཡང་ ནང་འདྲེན་འབད་དགོཔ་མེདཔ་ད་ འདས་པའི་ལོ་ནང་ འབྲུག་གིས་ དངུལ་ཀྲམ་ཐེར་འབུམ་༡.༢ ལྷགཔ་ཅིག་གི་ ཤའི་རིགས་ནང་འདྲེན་འབད་མི་དེ་ རྒྱལ་ཁབ་ཀྱི་ མི་རློབས་དང་བསྟུནམ་ད་ སྦོམ་ཤོས་ཅིག་ཨིན་མས།
དེ་མ་ཚད་ གཞུང་གིས་ འདས་པའི་ལོ་ངོ་༡ ནང་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ ནང་འདྲེན་འབད་ནིའི་དོན་ལུ་ ད་རུང་ དངུལ་ཀྲམ་ཐེར་འབུམ་༡.༡ ཟད་འགྲོ་བཏང་མི་དེ་ཡང་ སྒོ་ནོར་ཐོན་སྐྱེད་ཀྱི་རིགས་ཚུ་ ནང་འདྲེན་འབད་ནི་ མར་ཕབ་ཐོག་ རང་མགོ་རང་འདྲོངས་ བཟོ་ཐབས་ལུ་ཨིན་མས།
སྤྱི་ལོ་༢༠༡༦ ལུ་ གཞུང་གིས་ ཕགཔ་༢༧,༠༠༠ དང་ ནོར་༡༧,༠༠༠ བྱ་༣༠༠,༠༠༠ ར་༦༠༠ དེ་ལས་ ཉ་ས་ཡ་༢ དེ་ཅིག་ ནང་འདྲེན་འབད་ཡོདཔ་མ་ཚད་ དུས་ཅི་ སྤྱི་ཟླ་༡ པ་ལས་ ད་ཚུན་གྱི་བར་ན་ ཕགཔ་༡༠,༢༠༠ དང་ ནོར་༩༠༠ བྱ་༣༧༨,༠༠༠ ཉ་༥༠༠,༠༠༠ དང་ ཉ་ཕྲུག་ས་ཡ་༡ དེ་ཅིག་ མཁོ་འདོད་བཀོད་མི་ལུ་ བལྟ་བ་ཅིན་ འབྲུག་མི་ཚུ་ ཤ་མེད་པར་ སྡོད་མ་ཚུགས་པའི་ མི་སྡེ་ཅིག་ཨིན་པའི་ གསལ་སྟོན་འབདཝ་མས།
ང་བཅས་ཀྱིས་ སེམས་ཅན་ལུ་ སེམས་ཀྱི་གདིང་ལས་ར་ བྱམས་པ་དང་ སྙིང་རྗེ་བསྐྱེདཔ་ཨིནམ་ ངེས་བདེན་ཨིན་པ་ཅིན་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ཤའི་མཁོ་འདོད་ཡར་སེང་མེན་པར་ མར་འབབ་འགྱོ་དགོཔ་ཅིག་ཨིན།
ཤ་བཟའ་སྤྱོད་འབད་མི་དང་ མཁོ་འདོད་མར་ཕབ་འབད་དགོ་པ་ཅིན་ བསུ་སྟོན་དང་ རྟེན་འབྲེལ་བརྩི་སྲུང་ གོ་བསྡུར་ཞལ་འཛོམས་ལ་སོགས་པའི་ གཞུང་འབྲེལ་མཛད་སྒོ་ཚུ་ནང་ གསོལ་སྟོན་དང་ ཚོགས་སྟོན་གྱི་སྐབས་ལུ་ ཤ་རིགས་ལྷམ་པ་མ་འདྲཝ་ལེ་ཤ་ བཀྲམ་སྟོན་འབད་ནིའི་ཚབ་ལུ་ ཤ་ཚོདམ་ཕུད་རྡོག་གཅིག་བཞག་སྟེ་ བྱ་རྒྱུའི་ཚོདམ་མངམ་སྦེ་ འགོ་འདྲེན་འཐབ་དགོཔ་བཞིན་དུ་ འདི་དང་གཅིག་ཁར་ མི་མང་ལུ་ གོ་བརྡ་སྤྲོད་ནི་དེ་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕན་རླབས་ཅན་གྱི་ འཆར་གཞི་བརྩམ་ནི་དང་ གྲོས་ཐག་གཅད་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ ཡུན་མ་རིངམོ་ཅིག་གི་ཧེ་མར་ གཞུང་གིས་ ཁྱིམ་ནང་ལཱ་འབད་མི་ ཕྱི་ཁའི་ལས་མི་ཚུ་ ནང་འདྲེན་འབད་མ་ཆོག་པའི་ བཀག་ཆ་འབད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཕྱི་ཁའི་ལཱ་འབད་མི་ དམིགས་བསལ་དུ་ ན་གཞོན་བུམོ་ཚུ་དང་འབྲེལ་བའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་མས། མ་གཞི་ འདི་བཟུམ་མའི་ …

Leave a Reply

Your email address will not be published. Required fields are marked *