འབྲུག་མི་ཚུ་གིས་ ཚྭ་ག་རམ་༨.༣ རེ་ བཟའ་དོ་ཡོདཔ།

༉ འབྲུག་མི་ཚུ་གིས་ ཉིན་བསྟར་བཞིན་དུ་ སྤྱིར་སྙོམས་ལུ་ ཚྭ་ག་རམ་༨.༣ རེ་ བཟའ་དོ་ཡོད་མི་དེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ནན་བསྐྱར་འབད་མི་ ཚད་གཞི་ལས་ ག་རམ་༣.༣ གྱིས་ ལྷག་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༩ ལུ་ འབྲུག་མི་ཚུ་ གཅིག་ལས་གཅིག་ལུ་ མ་འབུ་བའི་ནད་གཞིའི་ ཉེན་ཁ་ཅན་གྱི་ གནད་དོན་ཚུ་ལུ་ ཞིབ་འཚོལ་ཅིག་ འགོ་འདྲེན་འཐབ་མི་དང་བསྟུན་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

ཞིབ་འཚོལ་གྱི་སྐབས་ལུ་ ངོས་ལེན་འབད་མི་ བརྒྱ་ཆ་༡༠.༤ གིས་ བཞེས་སྒོ་མ་བཟའ་བའི་ཧེ་མ་དང་ ཟ་བའི་སྐབས་ལུ་ ཚྭ་བླུག་དོ་ཡོདཔ་སྦེ་ སླབ་ཡོདཔ་ད་ བརྒྱ་ཆ་༡.༦ གིས་ ཚྭ་ཁུ་འབད་བའི་ རྫས་སྦྱོར་གྱི་ ཁུ་བ་ཚུ་ བཞེས་སྒོ་མ་བཟའ་བའི་ཧེ་མ་དང་ ཟ་བའི་སྐབས་ ལག་ལེན་འཐབ་དོ་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།

ངོས་ལེན་པ་བརྒྱ་ཆ་༡༡.༥ གིས་ ཧེ་མ་ལས་བཟོ་མི་ བཞེས་སྒོ་ཚུ་ བཟའ་དོ་ཡོདཔ་སྦེ་ སླབ་པའི་ཁར་ བརྒྱ་ཆ་༡༢.༧ གྱིས་ རང་སོའི་ཁྱིམ་ནང་ ཚྭ་བླུགས་མི་ཇ་ཚུ་ འཐུང་དོ་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།

ཨིན་རུང་ ངོས་ལེན་པ་ བརྒྱ་ཆ་༦༥.༣ གྱིས་ ཁོང་གིས་ཟ་མི་ ཚྭའི་ཚད་གཞི་དེ་ ཚད་ལྡན་ཨིན་པའི་ མནོ་བསམ་བཏང་ཡོདཔ་ད་ བརྒྱ་ཆ་༡༤.༥ གིས་ ཚད་ལས་བརྒལ་ཏེ་ ཚྭ་བཟའ་དོ་ཡོད་པའི་ མནོ་བསམ་བཏང་ཡོདཔ་ཨིན་པས།

ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ངོས་ལེན་འབད་མི་ བརྒྱ་ཆ་༦༦.༡ གིས་ ཚྭའི་ཚད་གཞི་ མར་ཕབ་འབད་ནི་དེ་ ཁག་ཆེ་དྲགས་ཨིནམ་སྦེ་ མནོ་བསམ་བཏང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ བརྒྱ་ཆ་༦༦.༥ གིས་ ཚྭའི་ཟ་ཚད་སྐོར་ལས་ མ་ཤེས་པའི་ཁར་་ བརྒྱ་ཆ་༦༨.༩ གི་ཚད་ལས་བརྒལ་ཏེ་ ཚྭ་ཟ་མི་ལུ་བརྟེན་ གསོ་བ་དང་འབྲེལ་བའི་ ཉེན་ཁ་ཚུ་གི་སྐོར་ལས་ ཤེས་ཡོདཔ་ཨིན་པས།

དེ་དང་འཁྲིལ་ ཚྭ་བཟའ་ནི་ མར་ཕབ་འབད་ནི་དང་ རང་གི་ཁྱིམ་ནང་མ་བཟོ་མི་ བཞེས་སྒོ་བཟའ་ནི་ མར་ཕབ་འབད་ནི་ དེ་ལས་ ཚྭ་ཡོད་པའི་ རྫས་སྦྱོར་ཁུ་བ་ཚུ་ མར་ཕབ་འབད་བའི་ ཐབས་ལམ་ཚུ་གི་སྒོ་ལས་ ངོས་ལེན་འབད་མི་ བརྒྱ་ཆ་༦༨ ཀྱིས་ ཚྭ་མར་ཕབ་འབད་ནི་ལུ་ འབད་རྩོན་འབད་དོ་ཡོདཔ་སྦེ་ ཞིབ་འཚོལ་ནང་བཀོད་ནུག།

སྙན་ཞུ་དང་འཁྲིལཝ་ད་ ཚྭ་ལུ་བརྟེན་ ཁྲག་ཤུགས་ཀྱི་ ནད་གཞི་ཐོབ་སྟེ་ དུས་མིན་གྱི་ ཤི་རྐྱེན་ཚུ་ བྱུང་དོ་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ཉིནམ་རེ་ལུ་ ཚྭ་ག་རམ་༢ དང་༥ རེ་ལས་བརྒལ་ ཟ་མ་བཏུབ་སྦེ་ སླབ་ཡོདཔ་ཨིན་པས།

མི་ཚུ་གི་གྲས་ལུ་ ཚྭ་ཟ་སྤྱོད་ཀྱི་ཚད་གཞི་ ཚད་འཛིན་འབད་དེ་ གཅིག་ལས་གཅིག་ལུ་ མ་འབུ་བའི་ ནད་གཞི་ཚུ་ བཀག་ནིའི་དོན་ལུ་ གསོ་བ་ལྷན་ཁག་གིས་ རྒྱལ་ཡོངས་ཚྭ་མར་ཕབ་ཀྱི་ ཐབས་བྱུས་ཅིག་ཡང་ བཟོ་ཡོདཔ་ཨིན་པས།

ཞིབ་འཚོལ་དང་འཁྲིལཝ་ད་ སྐྱེས་ལོ་༢༥ ལས་༣༩ དང་༤༠ ལས་༥༤ འི་བར་ན་འབད་མི་ཚུ་གིས་ ཚྭ་མང་སུ་ བཟའ་དོ་ཡོདཔ་ཨིན་པས།

ཚྭ་བླུགས་མི་རྫས་སྦྱོར་ཚུ་ ཕོ་སྐྱེས་ཚུ་དང་ཕྱདཔ་ད་ ཨམ་སྲུ་ཚུ་གིས་ མང་སུ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་ཡང་ རྫས་སྦྱོར་ཚུ་ སྐྱེས་ལོ་༡༥ ལས་༢༠ འབད་མི་ཚུ་གིས་ མང་སུ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཁྲོམ་ཁར་སྡོད་མི་ཚུ་དང་ཕྱདཔ་ད་ གྲོང་གསེབ་ཚུ་ནང་ སྡོད་མི་ཚུ་གིས་ ཚྭ་མང་སུ་བཟའ་དོ་ཡོདཔ་ཨིན་རུང་ ཚྭ་ཁུ་འབད་མི་ རྫས་སྦྱོར་ལག་ལེན་གྱི་ཐད་ལུ་ ཁྲོམ་ཁར་སྡོད་མི་ཚུ་གིས་ མང་སུ་སྦེ་ ལག་ལེན་འཐབ་དོ་ཡོདཔ་སྦེ་མཐོང་ནུག།

དེ་དང་འདྲཝ་སྦེ་ མི་ཕྱུགཔོ་ཚུ་གིས་ བཞེས་སྒོ་བཟའ་བའི་སྐབས་ ཚྭ་ཉུང་སུ་སྦེ་ བླུགས་དོ་ཡོདཔ་ཨིན་རུང་ ཚྭ་ཁུ་འབད་མི་ རྫས་སྦྱོར་ཚུ་ མང་སུ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ མ་དངུལ་ཐོག་ལས་ འགོ་འདྲེན་འཐབ་མི་ ཞིབ་འཚོལ་དེ་ཡང་ ལོ་༥ རེའི་རྒྱབ་ལས་ཚར་རེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོའི་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ ཚྭ་ལུ་བརྟེན་ ཁྲག་ཤུགས་སར་སེང་སོང་སྟེ་ དོན་ཧིང་དང་འབྲེལ་བའི་ ནད་གཞི་ཚུ་ཐོབ་དོ་ཡོདཔ་ད་ གལ་སྲིད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱབ་སྣོན་འབད་མི་ ཚྭའི་ཚད་གཞི་དང་འཁྲིལ་བཟའ་བ་ཅིན་ འཛམ་གླིང་ནང་ ལོ་རེ་ལུ་ མི་ས་ཡ་༢.༥ རེ་ ཤི་རྐྱེན་བྱུང་ནི་ལས་ བཀག་ཚུགས་ནི་ཨིན་པས།

དེ་དང་འཁྲིལ་ ལོ་བསྟར་བཞིན་དུ་ འཛམ་གླིང་ནང་ ཚྭ་གི་གོ་བརྡ་ལས་རིམ་ བདུག་ཕྲག་༡ གི་རིང་ འགོ་འདྲེན་འཐབ་ནི་ཡོདཔ་བཞིན་དུ་ དུས་ཅིའི་ ཚྭ་གི་གོ་བརྡ་ལས་རིམ་དེ་ སྤྱི་ཟླ་༣ པའི་ཚེས་༨ ལས་༡༤ ཚུན་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སྤྱིར་བཏང་ ཚྭའི་ཚད་གཞི་ལས་ ཐུརམ་གང་ལུ་ ག་རམ་༥ རེ་སྦེ་ བརྩིཝ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *