འབྲུག་མི་ཚུ་གི་འགན་དབང་།

༉ འདས་པའི་ཟླཝ་༢ ཀྱི་རིང་ བཙག་འཐུ་དང་འབྲེལ་བའི་ འུར་བྱེལ་འཐབ་མི་དེ་ གྲ་སྒྲིག་སོང་ཡོདཔ་བཞིན་དུ་ ཨམ་སྲུ་༦ བརྩིས་ཏེ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༡༢༧ གྱིས་ཡང་ གྲ་སྒྲིག་དང་ སྐུལ་བསྒྲགས་འབད་མི་ཚུ་ཡང་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ མཇུག་བསྡུ་ཡི།

འདི་དང་བསྟུན་ ད་རིས་ དྲོ་པ་ལས་ འབྲུག་པའི་མི་སེར་ཚུ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རང་སོའི་འཐུས་ཚབ་ བཙག་འཐུ་འབད་བར་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འགྱོ་ནི་ཨིནམ་ད་ སྤྱི་ཚོགས་༣ པའི་བཙག་འཐུའི་དོན་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་བསྡོམས་༤༣༢,༠༠༠ ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ ཨམ་སྲུ་༦ མ་གཏོགས་མེད་རུང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་དེ་ ཕོ་སྐྱེས་ལས་ ཨམ་སྲུ་མངམ་འདུག།

ད་རིས་ཀྱི་ འགན་དབང་འདི་ མི་སེར་ལུ་ ཡོད་མི་དེ་ཡང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྒྱལ་ཁབ་ཀྱི་ མི་འབོར་ཕྱེད་ཀ་དེ་ཅིག་གི་ ངོ་ཚབ་སྦེ་ ཚོགས་རྒྱན་བཙུགས་ནི་ཨིནམ་ད་ འདས་པའི་སྤྱི་ཚོགས་ཀྱི་ བཙག་འཐུ་༢ ལས་ ཉམས་མྱོང་ཐོབ་མི་ལུ་བརྟེན་ འབྲུག་མི་མང་ཤོས་ཅིག་གིས་ར་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འགྱོ་ཐོག་ལས་ རང་སོའི་ཚོགས་རྒྱན་གྱི་ ཐོབ་དབང་ཚུལ་ལྡན་སྦེ་ སྤྱོད་ནི་གི་ རེ་བ་བསྐྱེདཔ་ཨིན།

ད་རེས་ཀྱི་ གདམ་ངོ་འཛོམས་འདུ་ཚུ་ལས་ཐོབ་མི་ ཉམས་མྱོང་དང་འཁྲིལཝ་ད་ མི་སེར་གྱི་ གྲལ་གཏོགས་དེ་ ངལ་རངས་ཏོག་ཏོ་ཅིག་ མེད་མི་དེ་ཡང་ རྒེད་འོག་མང་ཤོས་ཅིག་ནང་ར་ ཁྱད་ཙད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ བརྒྱ་ཆ་༥༠ དེ་ཅིག་ཡང་ ཚོགས་རྒྱན་བཙུགས་པར་ མ་འོང་པས།

མ་གཞི་ འདེམས་ངོ་ལེ་ཤ་ཅིག་གིས་ རྫོང་ཁག་གི་ གཡུས་ཚན་མང་ཤོས་ཅིག་ར་ ཁ་གཏོར་ཏེ་ཡོདཔ་མ་ཚད་ ལ་ལོ་ཅིག་ ལམ་ཐག་རིང་མི་ལུ་བརྟེན་ སྐུལ་བསྒྲགས་འབད་བར་ ལྷོད་མ་ཚུགས་ཟེར་ བཤདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ རྒྱལ་ཡོངས་ཚོགས་འདུ་བཟུམ་སྦེ་ སྤྲོ་བ་ཆེ་ཏོག་ཏོ་མེད་ནི་དེ་གིས་ གདམ་ངོའི་འཛོམས་འདུ་སྐབས་ ཚོགས་རྒྱན་སྐྱུར་མི་ཚུ་ཡང་ སག་ལང་སྟེ་སྡོད་སར་ མཐོང་གསལ་མ་བྱུང་ཟེར་ རྒྱལ་ཁབ་ནང་འཁོད་ལུ་ ལྟ་སྐོར་འབད་མི་ཚུ་གིས་ བསམ་འཆར་བཤད་ནི་འདུག།

རྒྱལ་ཡོངས་ཚོགས་སྡེ་དེ་ དབུ་འཕང་མཐོ་བའི་ ཚོགས་ཁང་གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ རྩ་ཁྲིམས་ཆེན་མོ་གིས་ ཚོགས་སྡེ་ལུ་ ཁྲིམས་བཟོའི་བྱ་སྒོ་ཚུ་གིས་མ་ཚད་པར་ རྒྱལ་ཁབ་ཀྱི་ རང་བཙན་དང་བདེ་སྲུང་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གནོད་ཉེན་ཡོད་པའི་སྐོར་ལས་ འབྲུག་རྒྱལ་པོ་མཆོག་དང་ བློན་ཆེན་ རྒྱལ་ཡོངས་ཚོགས་འདུ་ལུ་ སྙན་སྒྲོན་ཕུལ་དགོ་པའི་ གནད་དོན་ཚུ་གི་ བསྐྱར་ཞིབ་ཚོགས་ཁང་ཅིག་སྦེ་ དང་ལེན་བསྒྲུབ་དགོ་པའི་ དབང་ཚད་གནང་སྟེ་ཡོདཔ་ཨིན།

ཚོགས་ཁང་དེ་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལུ་ ག་ནི་བ་ གལ་ཆེ་བའི་ ཚོགས་ཁང་ཅིག་ཨིནམ་ལས་ ང་བཅས་རའི་ མི་སེར་ཚུ་གིས་ཡང་ རྫོང་ཁག་༢༠ ནང་ འདེམས་ངོ་༡༢༧ ཡོད་མི་ཚུ་ མང་པའི་སྦུག་ལས་སེལ་ ཉུང་པའི་སྦུག་ལས་གདམ་ཏེ་ དྲག་ཤོས་ནང་ལས་ དྲག་ཤོས་༢༠ རང་སོའི་སྐུ་ཚབ་སྦེ་ གདམ་འཐུ་འབད་ནི་གི་ རེ་བ་ཡོདཔ་ད་ ད་རེས་ཀྱི་ བཙག་འཐུ་ནང་ རྫོང་ཁག་ལ་ལོ་ཅིག་ནང་ འདེམས་ངོ་༡༢ ལས་ལྷག་སྟེ་ཡོདཔ་ལས་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་ལེ་ཤ་ཡོད།

འདི་འབདཝ་ལས་ འབྲུག་མི་ཚུ་གིས་ རང་སོའི་གལ་གནད་ཅན་གྱི་ ལཱ་ག་ཅི་ར་ཡོད་རུང་ གནས་སྐབས་ཅིག་ རྒྱབ་བསྐྱུར་ཐོག་ལས་ ཚོགས་རྒྱན་བཙུགས་པར་འགྱོ་དགོ། ག་འཆརཔ་ཟེར་བ་ཅིན་ ཚོགས་རྒྱན་ཕུད་རྡོག་གཅིག་གིས་ ཁྱད་པར་སྦོམ་བཟོ་ཚུགས་ནི་རང་སོའི་ནོརབུ་དང་འདྲ་བའི་ ཚོགས་རྒྱན་དེ་ འོས་ལྡན་གྱི་ འདེམས་ངོ་ལུ་ བཙུགས་ཐོག་ལས་ དབུ་འཕང་མཐོ་བའི་ རྒྱལ་ཡོངས་ཚོགས་སྡེ་ནང་ རང་སོའི་རྫོང་ཁག་ལས་ མི་སེར་གྱི་ འཐུས་ཚབ་སྦེ་ བཙག་འཐུ་གྲུབ་མི་དེ་ བློ་འགྱོད་བསྐྱེད་ནི་མེདཔ་ཅིག་དང་ རང་གི་ཚོགས་རྒྱན་ ཆུད་ཟད་མ་འགྱོ་བར་ རང་ཡང་དཔའ་ཉམས་བསྐྱེད་ཚུགསཔ་ བཟོ་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *