སོ་ནམ་དང་འབྲེལ་བའི་ ལཱ་ཚུ་ཡང་ ལཱ་གཡོག་གྲངས་སུ་ བརྩི་འཇོག་འབད་ཡོདཔ་ད་ སོ་ནམ་པ་ཚུ་གིས་ བཀྲིས་གཡང་རྩེ་རྫོང་ཁག་ ཕུ་ཡང་ཤཱོད་ལུ་ ཨེ་མ་ཞིང་ནང་ གཡུར་མ་རྐྱབ་པའི་བསྒང་།

འབྲུག་མི་བརྒྱ་ཆ་༤༠ ལྷགཔ་ཅིག་ སོ་ནམ་གྱི་ལཱ་ནང་ འཛུལ་ཞུགས་འབད་ཡོདཔ།

༉ རྒྱལ་ཡོངས་ལས་མིའི་བརྟག་ཞིབ་༢༠༢༠ ཅན་མ་དང་འཁྲིལཝ་ད་ ལཱ་གཡོག་ཐོབ་མི་ མང་ཤོས་ར་ ལྷུན་རྩེ་དང་ མོང་སྒར་ལུ་ཡོདཔ་བཞིན་དུ་ ལྷུན་རྩེ་ལུ་ ལཱ་གཡོག་གི་ གོ་སྐབས་ཐོབ་མི་རྒྱ་ཆ་༩༩.༤ ཡོདཔ་ཨིན་པས།

ད་རེས་ སྤྱིར་བཏང་ལཱ་གཡོག་བཙུགས་སམ་ གཡོག་སྤྲོད་བརྒྱ་ཆ་༩༥ ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༢.༣ དེ་ཅིག་ མར་བབས་སོང་ནུག་ཟེར་ཨིན་པས།

དེ་འབདཝ་ལས་ མི་༣༡༤,༥༦༢ དེ་ཅིག་ ལཱ་གཡོག་ནང་ འཛུལ་ཞུགས་འབད་མི་ལས་ ཕོ་སྐྱེས་བརྒྱ་ཆ་༥༡.༧ དང་ ཨམ་སྲུ་༤༨.༣ ཡོདཔ་ད་ སྙན་ཞུ་དང་འཁྲིལ་བ་ཅིན་ ཁྲོམ་སྡེ་དང་ཕྱདཔ་ད་ མང་ཤོས་ར་ གྲོང་གསེབ་ནང་ ལཱ་འབད་མི་དེ་ ཕོ་སྐྱེས་བརྒྱ་ཆ་༧༠.༡ དང་ ཨམ་སྲུ་བརྒྱ་ཆ་༢༩.༩ ཨིན་པས།

ལཱ་གཡོག་ནང་ འཛུལ་ཞུགས་ཟེརཝ་ད་ དངུལ་ཕོགས་ཐོབ་མི་ལཱ་དང་ རང་སོའི་རྩིས་ཁྲ་ནང་ ལཱ་འབད་མི་ དེ་ལས་ བཟའ་ཚང་གི་ལཱ་ནང་ ལྷན་ཐབས་འབད་མི་ཚུ་ལུ་ གོ་ནི་ཨིན་པས།

གཡོག་བཙུགས་ཚད་སྙོམས་ དམའ་ཤོས་ར་ ཐིམ་ཕུག་ལུ་ བརྒྱ་ཆ་༨༧.༧ དང་ སྤ་རོ་རྫོང་ཁག་ནང་ བརྒྱ་ཆ་༩༠.༦ ཡོདཔ་ཨིན་པས།

འདས་པའི་ལོ་༥ གི་ནང་འཁོད་ལུ་ ལཱ་གཡོག་གནས་ཚད་དེ་ བརྒྱ་ཆ་༩༥ ཡན་ཆད་ལུ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༦ ལུ་ བརྒྱ་ཆ་༩༧.༩ ལུ་ ལྷོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ སྤྱི་ལོ་༢༠༡༦ དང་༢༠༡༨ ལུ་ ཕོ་སྐྱེས་ཀྱི་ ལཱ་གཡོག་གནས་ཚད་དེ་ དུམ་གྲ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།

ཨིན་རུང་ སྙན་ཞུ་དང་འཁྲིལཝ་ད་ ལཱ་གཡོག་ནང་ འཛུལ་ཞུགས་འབད་མི་ ཡོངས་བསྡོམས་ལས་ སོ་ནམ་ལས་སྡེ་ནང་ བརྒྱ་ཆ་༤༩.༩ འཛུལ་ཞུགས་འབད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དམའ་ཤོས་ར་ བརྒྱ་ཆ་༡༣.༥ དེ་ བཟོ་གྲྭ་ལས་སྡེ་ནང་ འཛུལ་ཞུགས་འབད་མི་དེ་ཨིན་པས།

སོ་ནམ་ལས་སྡེ་ནང་ ལཱ་འབད་མི་ ཨམ་སྲུ་བརྒྱ་ཆ་༥༨.༨ དང་ ཕོ་སྐྱེས་བརྒྱ་ཆ་༤༡.༧ འབདཝ་ད་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་མངམ་ཡོདཔ་ཨིན་པས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལཱ་གཡོག་ཚད་གཞི་ ཡར་སེང་སོང་མི་དེ་ཡང་ སོ་ནམ་དང་འབྲེལ་བའི་ ལཱ་ཚུ་ཡང་ ལཱ་གཡོག་གི་ ཆ་ཤས་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ཨིནམ་ད་ བརྟག་ཞིབ་འབད་བའི་སྐབས་ ངོ་རྐྱང་ཚུ་གིས་ སོ་ནམ་ལཱ་འབད་བ་ཅིན་ ལཱ་གཡོག་ཐོབ་ཡོདཔ་སྦེ་ ངོས་ལེན་འབད་དོ་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ངོ་རྐྱང་ཚུ་གིས་ རང་དོན་དང་ ཚོང་འབྲེལ་གྱི་དོན་ལུ་ ལཱ་འབད་དེ་ཡོད་པ་ཅིན་ ལཱ་གཡོག་ཐོབ་ཡོདཔ་སྦེ་ ངོས་ལེན་འབདཝ་བཞིན་དུ་ རྫོང་ཁག་༢ ནང་ མང་ཤོས་ར་ སོ་ནམ་གྱི་ ལཱ་འབད་དོ་ཡོདཔ་ལས་ ལཱ་གཡོག་ཚད་གཞི་ ཡར་སེང་འགྱོ་ནུག་ཟེར་ཨིན་པས།

རྫོང་ཁག་༢ ནང་ ལཱ་གཡོག་ཐོབ་མིའི་ ཚད་གཞི་མཐོ་ཤོས་ཡོད་མི་དེ་ ལས་མི་དཔྱ་བགོའི་ཨང་ལུ་ ངོས་ལེན་འབད་མི་ལུ་བརྟེན་ འོང་ནི་ཨིནམ་ད་ གལ་སྲིད་ ལས་མི་ཚད་གཞི་ཉུང་སུ་ཡོད་པ་ཅིན་ ལཱ་གཡོག་ཐོབ་ནིའི་ ཚད་གཞི་དེ་ མངམ་འཐོན་འོང་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

བརྟག་ཞིབ་ཀྱི་དོན་ལུ་ རྫོང་ཁག་༢༠ ལས་ ཁྱིམ་གུང་༩,༠༡༢ གདམ་འཐུ་འབད་མི་ལས་༣,༤༢༠ དེ་ཅིག་ ཁྲོམ་སྡེ་དང་ གྲོང་གསེབ་ནང་ གུང་པ་༥,༥༩༢ ཡོདཔ་ཨིན་པས།

ཨིན་རུང་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གྲོང་གསེབ་ཀྱི་ ལཱ་ཚུ་ནང་ འཛུལ་ཞུགས་འབད་མི་དེ་ བརྟག་ཞིབ་ཀྱི་ དཔེ་ཚད་བསྡུ་ལེན་འབད་མི་དང་འཁྲིལ་ མི་འགྱོ་ཟེར་ཨིནམ་ད་ དཔེ་ཚད་དེ་ འབྲུག་གི་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ གནས་ཚད་དང་འཁྲིལ་ཏེ་ བསྡུ་ལེན་འབད་ཡི་ཟེར་ཨིན་པས།

དེ་ཡང་ དཔེ་ཚད་དེ་ གྲོང་གསེབ་ནང་ བརྒྱ་ཆ་༦༣ དང་ ཁྲོམ་སྡེ་ལས་ བརྒྱ་ཆ་༣༧ བསྡུ་ལེན་འབད་ནུག། 

འཛམ་གླིང་སྤྱི་ཚོགས་ལས་མི་ལས་ཚོགས་ཀྱི་ གནས་ཚད་དང་ རྒྱལ་ཡོངས་རྩིས་ཁྲ་༡༩༩༣ གྱི་ ལམ་ལུགས་དང་འཁྲིལཝ་ད་ བཟའ་ཚང་གི་དོན་ལུ་ ལཱ་རིགས་ཚོང་འབྲེལ་དང་ ཆུ་དབོག་མི་དང་ ཐབ་ཤིང་འཐུ་མི་ ནོར་འཚོ་མི་ ཚར་བཟོའི་ལཱ་འབད་མི་ ས་གདན་བཟོ་མི་ལ་སོགས་པ་ཚུ་ ལཱ་གཡོག་གི་ གྲངས་སུ་ཚུདཔ་ཨིན་ཟེར་ གསལ་བཀོད་འབད་ནུག།

སྙན་ཞུ་དང་འཁྲིལཝ་ད་ ཞབས་ཏོག་གི་ ལས་སྡེ་ནང་ མི་བརྒྱ་ཆ་༣༦.༦ འཛུལ་ཞུགས་འབད་དེ་ཡོདཔ་ད་ གྲོང་གསེབ་ནང་འབད་བ་ཅིན་ བརྒྱ་ཆ་༦༩.༣ དེ་ཅིག་ སོ་ནམ་ལས་སྡེ་དང་ ཁྲོམ་སྡེ་ནང་ བརྒྱ་ཆ་༧༣.༢ ཞབས་ཏོག་ལས་སྡེའི་ ལཱ་འབད་དེ་ཡོདཔ་ཨིན་པས།

འགོ་དཔོན་གྱིས་འབད་བ་ཅིན་ མ་གཞི་ གྲོང་གསེབ་ནང་ སོ་ནམ་ལུ་བརྟེན་ ལཱ་གཡོག་ནང་ འཛུལ་ཞུགས་འབད་མི་ མངམ་ཐོནམ་ཨིན་རུང་ འཐུས་ཐོབ་མི་ གཏན་འཇགས་ཀྱི་ ལཱ་འབད་མི་དང་ མ་འདྲཝ་ཡོད་མི་དེ་ཡང་ ཁྲོམ་སྡེ་ནང་ འཐུས་ཀྱི་དོན་ལུ་ ལཱ་གཡོག་འབད་མི་ མངམ་ཡོད་ཟེར་ཨིན་པས།

ལཱ་གཡོག་འབད་མི་ ཡོངས་བསྡོམས་ལས་ བརྒྱ་ཆ་༤༢.༤ དེ་ འབྲི་ལྷག་གི་ ཤེས་ཡོན་མེད་མི་ཨིནམ་ད་ བརྒྱ་ཆ་༣༥.༧ གྱིས་ བདུན་ཕྲག་རེ་ལུ་ དུས་ཡུན་ཆུ་ཚོད་༤༠-༤༩ དེ་ཅིག་དང་ བརྒྱ་ཆ་༢༡.༤ གིས་ དུས་ཡུན་ཆུ་ཚོད་༥༠-༥༩ ཚུན་ ལཱ་འབད་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *