འབྲུག་མི་༢ ཀྱིས་ མཁོ་སྒྲུབ་གསར་གཏོད་ཀྱི་ རྟགས་མ་ཐོབ་ཡོདཔ།

༉ འབྲུག་མི་༢ ཀྱིས་ སྤྱི་ལོ་༢༠༡༧ ལོའི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ མཁོ་སྒྲུབ་གསར་གཏོད་ཀྱི་རྟགས་མ་ ཐེངས་༢ པ་ ཐོབ་ཡོདཔ་ཨིན་པས།
ཡོངས་གྲགས་ཅན་གྱི་ རྟགས་མའི་དོན་ལུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ ཨཱཕ་ག་ནིས་ཏཱན་དང་ བང་ལ་དེཤི་ འབྲུག་ རྒྱ་གར་ མཱལ་དིབསི་ ནེ་པཱལ་ པ་ཀིས་ཏཱན་དང་ ཤྲི་ལངྐ་བརྩིས་ཏེ་ རྒྱལ་ཁབ་༨ ནང་ལས་ མི་ངོམ་༧༨ ཀྱིས་ དོ་འགྲན་འབད་ནིའི་དོན་ལུ་ རང་སོའི་མཁོ་སྒྲུབ་གསར་གཏོད་ཀྱི་ ཡིག་ཆ་ཚུ་ བཙུགས་ཡོདཔ་བཞིན་དུ་ འདས་པའི་བདུན་ཕྲག་ནང་ ཨང་དང་པ་ཨང་༢ པ་ ངོས་འཛིན་འབད་དེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
རྟགས་མ་ཐོབ་མི་ཚུ་གི་གྲས་ལས་ འབྲུག་བཟོ་སྐྲུན་བཀོད་ཚོགས་ཀྱི་ བརྡ་དོན་འཕྲུལ་རིག་འགོ་དཔོན་གོངམ་ བཙན་སྐྱོགས་ཚེ་རིང་གིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ མཁོ་སྒྲུབ་ཀྱི་ལཱ་ དབྱེ་དཔྱད་འབད་ནིའི་ ཨི་ཊཱུལ་ཟེར་མི་ གསར་གཏོད་འབད་མི་ལུ་བརྟེན་ ཨང་དང་པའི་ རྟགས་མ་ཐོབ་ནུག།
དེ་ལས་ ཨང་༢ པའི་རྟགས་མ་དེ་ བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ པདྨ་དབང་ཕྱུག་གིས་ མི་སྡེ་དཔལ་འབྱོར་དང་ རང་བཞིན་གནས་སྟངས་ཡུན་བརྟན་དང་ལྡན་པའི་ལཱ་མཁོ་སྒྲུབ་ཀྱི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བཟོ་བཀོད་ཟེར་མི་ འབྲུག་རྒྱལ་ཁབ་ནང་ མཐར་འཁྱོལ་ཅན་གྱི་ མི་སྡེའི་ཁག་འབག་དང་འབྲེལ་བའི་ གནད་དོན་ཞིབ་འཇུག་འབད་དེ་ཡོད་མི་དེ་གིས་ ཨང་༢ པའི་རྟགས་མ་ ཐོབ་ཡོདཔ་ཨིན་པས།
གཟེངས་བསྟོད་ཀྱི་གདམ་འཐུ་དེ་ཡང་ འཛམ་གླིང་དངུལ་ཁང་དང་ རྒྱལ་སྤྱིའི་གཞུང་སྐྱོང་ལམ་ལུགས་ དེ་ལས་ ལྷོ་ཨེ་ཤི་ཡའི་ མཁོ་སྒྲུབ་ཀྱི་དོན་ལུ་ ཐབས་ལམ་དང་གསར་གཏོད་ཟེར་མི་ ལས་སྡེ་ཁག་༣ གྱིས་ འབད་ཡོདཔ་ཨིན་པས།
གདམ་འཐུའི་དོན་ལུ་ ཁྱད་ཚད་ཚུ་ཡང་ མི་མང་མཁོ་སྒྲུབ་ཀྱི་དོན་ལུ་ གཞུང་འབྲེལ་དུ་ ལག་ལེན་འཐབ་བཞིན་མེན་པའི་ ཐབས་ལམ་དང་འབྲེལ་བའི་ གསར་གཏོད་ཀྱི་གནས་ཚད་ལུ་ གཞི་བཞག་ཐོག་ལས་ ཐག་བཅད་ཡོདཔ་ཨིན་པས།
ལས་སྡེ་ཚུ་བསྡོམས་ཏེ་བཟོ་མི་ དབྱེ་ཞིབ་ཚོགས་ཆུང་གིས་ མཁོ་སྒྲུབ་བྱ་སྒོའི་ནང་ དངུལ་གྱི་ཚད་གཞི་དང་ དྲང་པོ་ཡོད་མེད་ ལྕོགས་གྲུབ་གོང་འཕེལ་དང་ ནང་འཁོད་ཀྱི་ བཟོ་གྲྭ་ཚུ་གི་ འབྲེལ་གཏོགས་ཡར་སེང་ གསར་གཏོད་ཀྱི་ཡུན་བརྟན་ལ་སོགས་པའི་ ཁྱད་ཚད་ཚུ་ལུ་ གཞི་བཞག་ཡོདཔ་ཨིན་པས།
ད་རུང་ ཚོགས་ཆུང་གིས་ རྒྱལ་ཁབ་ཚུ་ནང་ལས་ དྲག་ཤོས་ཐོན་མི་ཚུ་ནང་ལས་ ད་རུང་ ལུང་ཕྱོགས་ནང་གི་ དྲག་ཤོས་ཨང་དང་པ་ གདམ་འཐུ་འབད་ཡོདཔ་ད་ ལུང་ཕྱོགས་ཀྱི་དྲག་ཤོས་དེ་ རྒྱ་གར་ལས་ ཐོན་ཡོདཔ་ཨིན་པས།
ལུང་ཕྱོགས་ཚུ་ནང་ལས་ ཨང་དང་པ་ཐོན་མི་ཚུ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ ཏཱན་ཟ་ནི་ཡ་རྒྱལ་ཁབ་ཀྱི་ ནུབ་ཕྱོགས་ཁ་ཐུག་ལུ་ཡོད་པའི་ ཨ་རུ་ཤ་ཁྲོམ་སྡེ་ནང་ འཚོགས་ནི་ཨིན་པའི་ ཞལ་འཛོམས་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།
རྒྱལ་ཁ་ཐོབ་མི་ཚུ་གིས་ བཤད་མིའི་ནང་ རྟགས་མའི་ལམ་ལུགས་དེ་གིས་ རྒྱལ་ཁབ་ནང་ མཁོ་སྒྲུབ་ཀྱི་ལམ་ལུགས་དང་གནས་སྟངས་ གོང་འཕེལ་གཏང་ནི་དང་ མཁོ་སྒྲུབ་དང་འབྲེལ་བའི་རིག་གསར་གྱི་ ཞིབ་འཚོལ་གོང་འཕེལ་གྱི་དོན་ལུ་ སེམས་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *