༉ ཁ་ཙ་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ རྩི་རང་དང་ གསར་སྤང་ དེ་ལས་ དར་དཀར་ནང་རྫོང་ཁག་གི་འདེམས་ངོ་ཚུ ངོ་སྤྲོད་འབདཝ་དང་གཅིག་ཁར་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ཡང་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
གསེར་གྱི་ཐང་-རྩི་རང་སྟོད་དང་ ཤོམ་སྤང་ཁ་ དེ་ལས་ འབྲུག་རྗེས་སྒང་-རྩེ་ཟ་འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་ འདེམས་ ཁོངས་ལྟ་སྐོར་དང་འབྲེལ་ ངོ་སྤྲོད་འབད་ཡོདཔ་ལས་ ད་ལྟོ་ཚུན་ ཚོགས་པ་གིས་ འདེམས་ངོ་༡༥ ངོ་སྤྲོད་འབད་ཚར་ཡོདཔ་ཨིན་པས།
ཤོམ་སྤང་ཁ་ལས་ སྐྱེས་ལོ་༤༠ ལང་མི་ སུ་སཱན་བླ་མ་གིས་ ཨཱསི་ཊེ་ལི་ཡ་གི་ མོ་ནཤ་ཚོང་འབྲེལ་སློབ་གྲྭ་ལས་ ཚོང་འབྲེལ་ བདག་སྐྱོང་གི་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་ཡོདཔ་ད་ མོ་གིས་ འབྲུག་གི་དངུལ་ཁང་ནང་ ལོ་༡༤ གི་རིང་ ལཱ་མ་འབད་བའི་ཧེ་མར་ རྒྱ་གར་ལུ་ ལོ་༥ འི་རིང་ ལཱ་འབད་སྡོད་ཡོདཔ་ད་ ད་ཚུན་ མོ་གིས་ དལ་དབང་གི་ལཱ་ཚུ་ འབད་ཡོདཔ་ཨིན་པས།
ཁི་ཝལ་རཱམ་ ཨ་དཱི་ཀ་རི་གིས་ སྲིད་དོན་ཚོགས་པ་ནང་ འདེམས་ངོ་སྦེ་ཐོན་མི་དེ་ ཐེངས་༢ པ་ཨིནམ་ད་ ཁོ་གིས་ སྤྱི་ལོ་ ༢༠༡༨ ལུ་ འབྲུག་ཕུན་སུམ་ཚོགས་པའི་ གསེར་གྱི་ཐང་-རྩི་རང་སྟོད་ཀྱི་ འདེམས་ངོ་སྦེ་ ཐོན་ཡོདཔ་ཨིན་པས།
ཕུན་བརྟན་ཆུ་རྒེད་འོག་ལས་ སྐྱེས་ལོ་༥༤ ལང་མི་ ཁི་ཝལ་རཱམ་ ཨ་དཱི་ཀ་རི་གིས་ ལོ་ངོ་བཅུ་ཕྲག་༢ ཀྱི་རིང་ སྒེར་སྡེའི་ནང་ ལཱ་འབད་ཡོདཔ་ད་ ཁོ་གིས་ཡང་ ཨཱས་ཊེ་ལི་ཡ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་ཡོདཔ་ཨིན་པས།
དགེ་བཤེས་ཀྱི་ཤེས་ཚད་ཡོད་མི་ སྐྱེས་ལོ་༤༦ ལང་མི་ ག་ནེཤ་མཱན་ གུ་རུང་གིས་ སྤྱི་ལོ་༢༠༠༠ ལས་ སློབ་དཔོན་སྦེ་འཛུལ་ཏེ་ འཕྲལ་ཁམས་ཅིག་ཁར་ བསམ་རྩེ་ཤེས་རིག་སྤེལ་ཁང་ནང་ ལེགས་སྦྱར་བ་སྦེ་ སྡོད་ཡོདཔ་ཨིན་པས།
ཚོགས་པ་གིས་ ལྷུན་རྩེ་ལས་ཨིན་མི་ ཀུན་ལེགས་དབང་འདུས་དེ་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་སྦེ་ བསྐོ་བཞག་འབད་ ཡོདཔ་ད་ ཁོ་གིས་ ཞི་གཡོག་ནང་ ལོ་ངོ་༣༠ ལྷགཔ་ཅིག་གི་རིང་ ལཱ་འབད་བའི་ ཉམས་མྱོང་ཡོདཔ་ཨིན་པས།
ཁོ་གིས་ ཕྱི་འབྲེལ་ལྷན་ཁག་དང་ ལས་གཡོག་དང་མི་སྟོབས་ལྷན་ཁག་ནང་ མདོ་ཆེན་གྱི་འགན་ཁུར་འབག་སྟེ་ དུས་ཅི་ ལོ་ འགོ་བཙུགས་ཁམས་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
འབྲུག་མཐུན་འབྲེལ་ཚོགས་པ་དེ་ རྒྱལ་ཁབ་ནང་ ཐོ་བཀོད་འབད་མི་ སྲིད་དོན་ཚོགས་པ་༥ པ་ཨིནམ་ད་ ཚོགས་པ་གིས་ ཧཱ་ དང་ བཀྲིས་གཡང་རྩེ་ བསམ་རྩེ་ དབང་འདུས་ བསམ་གྲུབ་ལྗོངས་མཁར་ དེ་ལས་ ལྷུན་རྩེ་རྫོང་ཁག་ཚུ་གི་ འདེམས་ངོ་ཚུ་ གསལ་སྟོན་མ་འབད་བར་ཡོད་པའི་གནས་ཚུལ།