འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གསརཔ་ བཙག་འཐུ་འབད་ནི།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ནི་གི་ གོ་སྐབས་ཐོབ་པའི་ཤུལ་ལས་ ཚོགས་པའི་གཙོ་འཛིན་གསརཔ་ བཙག་འཐུ་འབད་དེ་ མིག་དཔེ་ལེགས་ཤོམ་ཅིག་ བཏོན་ནི་གི་ ལས་འཆར་བརྩམས་ནུག།

ཚོགས་པའི་གཙོ་འཛིན་གསརཔ་ བཙག་འཐུ་དེ་ཡང་ གཞུང་དང་ སྲིད་དོན་གྱི་བར་ན་ འབྲེལ་མེད་སྦེ་ བཞག་ཐབས་ལུ་ཨིནམ་ད་ ཚོགས་པའི་བཀའ་ཁྲིམས་དང་འཁྲིལཝ་ད་ ཚོགས་པའི་གཙོ་འཛིན་དེ་ བློན་ཆེན་སྦེ་ གདམ་འཐུ་འབད་ཞིནམ་ལས་ སྲིད་དོན་ཚོགས་པའི་ གཙོ་འཛིན་གྱི་ འགན་འཁྲི་ལས་ དགོངས་ཞུ་འབད་དགོཔ་སྦེ་ ཡོདཔ་ཨིན་པས།

ཚོགས་པའི་འཐུས་མི་ཚུ་གིས་ སླབ་མིའི་ནང་ བློན་ཆེན་གྱིས་ ཧེ་མ་ར་ ཚོགས་པའི་གཙོ་འཛིན་ལས་ ཁས་བླངས་ཐོག་ལས་ འདས་པའི་བློན་ཆེན་༢ ཀྱིས་ ཚོགས་པའི་གཙོ་འཛིན་སྦེ་ར་ སྡོད་ཡོདཔ་ཨིན་པས།

འཐུས་མི་ཚུ་གིས་འབད་བ་ཅིན་ གལ་སྲིད་ གཙོ་འཛིན་གྱིས་ ཚོགས་པའི་ནང་ལས་ དགོངས་ཞུ་འབད་བ་ཅིན་ གཞུང་སྐྱོང་ནི་ལུ་ གཙོ་རིམ་བཟུང་ཚུགས་ཟེར་ཨིནམ་ད་ མ་གཞི་ ཧེ་མ་ལས་ གཙོ་འཛིན་གསརཔ་ བསྐོས་དགོཔ་ཅིག་ཨིན་རུང་ ཚོགས་པའི་ཡིག་ཚང་ལུ་ གཙོ་འཛིན་གསརཔ་ བཙག་འཐུ་འབད་ནི་གི་ འགན་ཚད་དང་ བཀོད་ཁྱབ་ཚོགས་ཆུང་མེད་མི་ལུ་བརྟེན་ གཙོ་འཛིན་བཙག་འཐུ་འབད་ནི་ལུ་ ཡུན་འགྱངས་ལུས་སོ་ཡི་ཟེར་ བཤདཔ་ཨིན་པས།

འགན་ཚད་དང་འཁྲིལཝ་ད་ གཙོ་འཛིན་གསརཔ་ གདམ་ཐུ་འབད་མི་དེ་ འགན་ཁུར་དང་ འགན་འཁྲི་ཚུ་ནང་ ཅོག་འཐདཔ་མ་འགྱོ་ནི་དང་ སྟབས་མ་བདེཝ་ མི་འབྱུང་ནི་དོན་ལུ་ཨིནམ་ད་ ད་རེས་ བཀོད་ཁྱབ་ཚོགས་ཆུང་ ཆ་འཇོག་འབད་ནི་ལུ་ སྒུག་དོ་ཡོདཔ་བཞིན་དུ་ བཀོད་ཁྱབ་ཚོགས་ཆུང་དེ་ཡང་ ཚོགས་པའི་ཆེ་རིམ་གནས་ཚད་ཀྱི་ ཐག་བཅད་ནི་གི་ ཚོགས་ཆུང་ཅིག་ཨིན་པས།

དེ་མ་ཚད་ འགན་ཚད་ནང་ བཀོད་མི་དང་འཁྲིལཝ་ད་ བློན་ཆེན་དང་ གཙོ་འཛིན་གྱི་བར་ན་ ཕྱག་ལཱ་མཛད་ཐངས་ཀྱི་ མཉམ་འབྲེལ་སྐོར་ལས་ཡང་ བཀོད་དེ་ཡོདཔ་ད་ ཚོགས་པ་གིས་འབད་བ་ཅིན་ གཙོ་འཛིན་གསརཔ་ བཙག་འཐུ་འབད་བ་ཅིན་ ཚོགས་པའི་ནང་འཁོད་ སྒྲིང་སྒྲི་འགྱོ་འོང་ཟེར་ཨིན་པས།

ཚོགས་པའི་གཙོ་འཛིན་གྱི་ འགན་ཁུར་ཚུ་ཡང་ འཇོན་ཐངས་ཅན་གྱི་ འགོ་ཁྲིདཔ་དང་ རྒྱལ་སྤྱི་དང་ ནང་འཁོད་ཚུ་ནང་ ཚོགས་པའི་འཐུས་མི་སྦེ་ བཅའ་མར་གཏོགས་ནི་ཨིན་པས།

ཚོགས་པའི་གཙོ་འཛིན་ བཙག་འཐུ་འབད་བ་ཅིན་ ཚོགས་པའི་ནང་ འཐུས་མི་སྦེ་ ཐོ་བཀོད་འབད་མི་ ག་ར་གིས་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་འཐོབ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *