འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གྱིས་ གོམས་འདྲིས་ལྟ་སྐོར་དང་འབྲེལ་ ལྟ་བ་ཚུ་གསལ་བཤད།

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བཀྲིས་སྒང་བཀང་ལུང་ མཱན་ཐུང་གཡུས་ཚན་ནང་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ གོམས་འདྲིས་ལྟ་སྐོར་སྐབས་ལུ་ ཚོགས་པ་གིས་ སྨན་བཅོས་ལེགས་བསྒྱུར་དང་ མི་སེར་ཚུ་ལུ་ གསོ་བའི་ཞབས་ཏོག་ ལེགས་ཤོམ་བྱིན་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་བཤད་ནུག།

གཙོ་འཛིན་གྱིས་འབད་བ་ཅིན་ ད་ལྟོ་ གསོ་བའི་ཞབས་ཏོག་གཙོ་ཅན་ག་ར་ རྒྱལ་ས་ལྟེ་བ་ལུ་ཨིན་རུང་ ཚོགས་པའི་དམིགས་དོན་དེ་ གསོ་བའི་ཞབས་ཏོག་ཚུ་ ལེགས་བཅོས་འབད་ཞིནམ་ལས་ ནདཔ་ཚུ་ རྫོང་ཁག་གཅིག་ལས་གཅིག་ནང་ གཏང་ནི་དེ་ མར་ཕབ་འབད་ནི་ཟེར་ཨིན་པས།

གཙོ་འཛིན་གྱིས་ འདས་པའི་རྐྱེན་ངན་ཅིག་གི་སྐོར་ལས་ བཤད་མིའི་ནང་ ཨ་ལོ་སྐྱེས་ནི་ཡོད་མི་ཨའི་ཅིག་ སྨན་ཁང་གཅིག་ལས་གཅིག་ནང་གཏང་ནིའི་ བྱ་རིམ་ལུ་བརྟེན་ཏེ་ ཨ་ལོ་མ་སྐྱེཝ་ལས་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ ད་ལྟོ་ ལོ་ངོ་༡༥ འི་ཤུལ་ལས་ གནས་སྟངས་དེ་ སྔར་ག་ཨིནམ་སྦེ་ར་ སྡོད་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གལ་སྲིད་ དུས་ཅི་ འབྲུག་མཉམ་རུབ་ཚོགས་པ་དེ་ ཕམ་སོང་པ་ཅིན་ ཁོ་སེམས་མི་དགའ་ཟེར་ཨིནམ་ད་ དེ་ཡང་ ཁོ་གི་ཚོགས་པ་ ཕམ་ནི་དེ་གིས་མེན་པར་ མི་སེར་ཚུ་ ད་རུང་ ལོ་ངོ་༥ གི་རིང་ དཀའ་སྡུག་འབྱུང་ནི་དང་ དེ་གི་བར་ན་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་འབྱུང་ཉེན་ཡོད་མི་ལུ་བརྟེན་ སེམས་མི་དགའ་ནི་མས་ཟེར་ཨིན་པས།

བཀང་ལུང་གི་ མི་རློབས་དང་ སྤེལ་ཁང་གི་གྱངས་ཁ་ དེ་ལས་ སའི་ཆགས་ཚུལ་ལུ་ བལྟ་བ་ཅིན་ རྒེད་འོག་དེ་ནང་ མཁས་མཆོག་སྣ་ཚོགས་ཀྱི་ སྨན་ཁང་ཆེ་བ་ཅིག་ གཞི་བཙུགས་འབད་ནིའི་ འོས་འབབ་འདུག་ཟེར་ ཌོག་ཊར་བློ་གྲོས་ཚེ་རིང་གིས་བཤད་ནུག།

ད་ལྟོའི་ གསོ་བའི་ལམ་ལུགས་ རྫོང་ཁག་རེ་ནང་ སྨན་ཁང་ཆེ་བ་རེ་དང་ གཞི་རྟེན་སྨན་ཁང་ དེ་ལས་ གཞི་རྟེན་མཐུན་རྐྱེན་དང་ སྨན་བཅོས་མཁོ་ཆས་ བགོ་བཀྲམ་ལམ་ལུགས་ཚུ་ཡང་ ལེགས་བསྒྱུར་འབད་དགོཔ་འདུག་ཟེར་ཨིན་པས།

གཙོ་འཛིན་གྱིས་འབད་བ་ཅིན་ གལ་སྲིད་ ཁོ་ར་ གཞུང་སྐྱོང་གི་ དབུ་ཁྲིད་འབད་ནིའི་ གོ་སྐབས་འཐོབ་པ་ཅིན་ ཕྱི་རྒྱལ་གྱི་ ལྟ་སྐོར་དང་ དགའ་སྟོན་ལ་སོགས་པ་ཚུ་ནང་ འབྲེལ་འཛིན་གངམ་མ་འབད་བར་ ནདཔ་ཚུ་དང་གཅིག་ཁར་ གཤག་བཅོས་ཁང་ནང་ དུས་ཚོད་མངམ་བཏོན་ཏེ་ སྡོད་འོང་ཟེར་ཨིན་པས།

ནདཔ་ཅིག་ལུ་ ནད་གཞི་ཚུ་གིས་ གཟུགས་ཀྱི་ཡན་ལག་མང་རབས་ཅིག་ལུ་ གནོད་སྐྱོན་རྐྱབ་དོ་བཟུམ་ འབྲུག་རྒྱལ་ཁབ་ནང་ བཅོ་ཐབས་མེད་པའི་ ནད་གཞི་མང་རབས་ཅིག་ འཐོབ་ནིའི་ཉེན་ཁ་ཡོདཔ་ལས་ དུས་ཚོད་ཁར་ བཀག་ནི་གི་ ཐབས་ཤེས་མ་བཏོན་པ་ཅིན་ ནད་གཞི་ཁྱབ་སྤེལ་ཐོག་ གནས་སྟངས་ཚབས་ཆེན་ཅིག་ལུ་ འགྱུར་འོང་ཟེར་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བཤད་ནུག།

གཙོ་འཛིན་གྱིས་འབད་བ་ཅིན་ དམངས་གཙོ་ཅན་དང་ རྩ་ཁྲིམས་ཅན་གྱི་ འགོ་ཁྲིདཔ་ཚུ་ལུ་བལྟ་སྟེ་ ཁོ་ར་ ཚ་གྱང་སྦོམ་ ལང་ཡོད་མི་དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ ས་གནས་གཞུང་གི་ ཡོངས་ཁྱབ་མདོ་ཆེན་༢ གཞུང་སྐྱོང་ཚོགས་པའི་གྲངས་སུ་ འདེམས་ངོ་སྦེ་ ཐོན་མི་དེ་གིས་ མི་སེར་ཚུ་ལུ་ རྒྱུད་བསྐུལ་འབད་ཚུགས་འབད་ཚུགས་འོང་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ བཀང་ལུང་བསམ་མཁར་-ཨུ་མཛོ་རོང་གི་འདེམས་ངོ བསྟན་འཛིན་རྣམ་རྒྱལ་དང་ བུམ་ཐང་ཆོས་འཁོར་-སྟང་གི་འདེམས་ངོ་ ཟླ་བ་ཡང་ གཙོ་འཛིན་དང་གཅིག་ཁར་ གོམས་འདྲིས་ལྟ་སྐོར་འབདཝ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *