འབྲུག་མཉམ་རུབ་ཚོགས་པ་ནང་ གཞུང་གི་དྲུང་ཆེན་བགྲེསཔ་༤ གིས་ ཐོ་བཀོད་འབད་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པ་ནང་ གཞུང་གི་དྲུང་ཆེན་བགྲེསཔ་༤ གིས་ འཐུས་མི་སྦེ་ ཐོ་བཀོད་འབད་ཡོདཔ་ད་ ཁོང་༤ གིས་ སྤྱི་ཟླ་༡༡ པའི་ཚེས་༡ ལུ་ བཀྲིས་སྒང་ལུ་ ལུང་ཕྱོགས་ཡིག་ཚང་ སྒོ་འབྱེད་འབད་བའི་སྐབས་ བཅའ་མར་གཏོགས་ནུག།
དྲུང་ཆེན་བགྲེསཔ་ཚུ་ཡང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ དྲགོས་ཤེས་རབ་རྒྱལ་མཚན་དང་ གསོ་བའི་ལྷན་ཁག་གི་ དྲུང་ཆེན་བགྲེསཔ་ ཌོག་ཊར་རྡོ་རྗེ་དབང་ཕྱུག་ ལས་གཡོག་ལྷན་ཁག་གི་ དྲུང་ཆེན་བགྲེསཔ་ པདྨ་དབང་དྲག་ དེ་ལས་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་བགྲེསཔ་ ཌོག་ཊར་ཨྱོན་ཚེ་དབང་ཨིན་པས།
ད་ལྟོ་ ཁོང་༤ གིས་ ད་རེས་ནངས་པར་ རང་སོའི་འདེམས་ཁོངས་ནང་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ གོམས་འདྲིས་ལྟ་སྐོར་འབད་བའི་བསྒང་ཡོདཔ་ཨིན་པས།
གལ་སྲིད་ ཁོང་གིས་ འདེམས་ངོ་སྦེ་བཅའ་མར་གཏོགས་པ་ཅིན་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ མོང་སྒར་རྫོང་ཁག་ མོ་སྒར་དང་ ཙ་ཀ་གླིང་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཌོག་ཊར་རྡོ་རྗེ་དབང་ཕྱུག་གིས་ བཀྲིས་སྒང་ མཁའ་གླིང་དང་ ཀླུ་མང་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་དང་ པདྨ་དབང་དྲག་གིས་ པདྨ་དགའ་ཚལ་གྱི་ ན་ནོང་དང་ཤུ་མར་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ དེ་ལས་ ཌོག་ཊར་ཨྱོན་ཚེ་དབང་གིས་ པདྨ་དགའ་ཚལ་ མཁར་དང་གཡུ་རུང་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིན་པས།


དྲགོས་ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པའི་དོན་ལུ་ འདམས་ངོ་སྦེ་ བཅའ་མར་གཏོགས་དགོ་པའི་སྐོར་ལས་ འདེམས་ཁོངས་ཀྱི་ མི་ལ་ལོ་ཅིག་གིས་ སླབ་ནི་དེ་གིས་ ཁོ་ལུ་མི་གཞན་ཚུ་གིས་ཡང་ རྒྱབ་སྐྱོར་ཡོད་མེད་ཀྱི་ བརྟག་ཞིབ་འབད་ནིའི་དོན་ལུ་ འདེམས་ཁོངས་ཀྱི་མི་ཚུ་དང་གཅིག་ཁར་ འཕྲལ་རང་ཕྱད་ནིའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།
སྐྱེས་ལོ་༦༣ ལང་མི་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་སྦེ་ ཕྱག་མ་ཞུ་བའི་ཧེ་མ་ ལྷུན་རྩེ་དང་ བསམ་རྩེ་ དེ་ལས་ ཐིམ་ཕུག་རྫོང་ཁག་གི་ རྫོང་བདག་སྦེ་ ཕྱག་ཞུ་བའི་ཤུལ་ལས་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ཕྱག་ཞུ་ནུག།
སྐྱེས་ལོ་༦༢ ལང་མི་ ཌོག་ཊར་རྡོ་རྗེ་དབང་ཕྱུག་གིས་ གསོ་བའི་ལྷན་ཁག་ནང་ ཌོག་ཊར་སྦེ་ ལོ་མང་ཤོས་ཅིག་ ཕྱག་ཞུ་བའི་སྐབས་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་གི་ གསོ་བའི་འགོ་དཔོན་སྦེ་ ཕྱག་ཞུ་བའི་ཤུལ་ལས་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་སྡེ་འཛིན་སྦེ་ ཕྱག་ཞུ་ནུག།
དེ་ལས་ ལྷན་ཁག་གི་ མཉམ་འབྲེལ་མདོ་ཆེན་སྦེ་ ཕྱག་ཞུ་བའི་ཤུལ་ལས་ དྲུང་ཆེན་གྱི་ གོ་གནས་ལུ་ལྷོད་ཡོདཔ་ད་ དྲུང་ཆེན་བགྲེསཔ་ པདྨ་དབང་དྲག་གིས་ ལས་གཡོག་ལྷན་ཁག་ནང་ མདོ་ཆེན་སྦེ་ཕྱག་ཞུ་བའི་ཤུལ་ལས་ དྲུང་ཆེན་སྦེ་ལོ་༥ ལྷགཔ་ཅི་སྡོད་ནུག།
དེ་ལས་ ཌོག་ཊར་ཨྱོན་ཚེ་དབང་གིས་ བཀྲིས་གཡང་རྩེ་གི་ རྫོང་བདག་སྦེ་ ཕྱག་ཞུ་བའི་ཤུལ་ལས་ རྒྱལ་ཡོངས་རང་བཞིན་མཐའ་འཁོར་ལྷན་ཚོགས་ཀྱི་ དྲུང་ཆེན་སྦེ་ ལོ་ཕྱེད་དང་༦ དེ་ཅིག་ ཕྱག་ཞུ་ནུག།
དྲགོས་ཤེས་རབ་རྒྱལ་མཚན་དང་ པདྨ་དབང་དྲག་ དེ་ལས་ ཌོག་ཊར་རྡོ་རྗེ་དབང་ཕྱུག་༣ ཆ་ར་ ཞི་གཡོག་ནང་ གནས་ཡུན་ཚང་སྟེ་ དགོངས་ཞུ་འབད་ཡོདཔ་ཨིན་རུང་ ཌོག་ཊར་ཨྱོན་ཚེ་དབང་དེ་ གནས་ཡུན་མ་རྫོགསཔ་ལས་ར་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དགོངས་ཞུ་འབད་ནུག།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ ད་ལྟོ་ ཚོགས་པའི་འདེམས་ངོ་ཚུ་ གཞུང་འབྲེལ་ཐོག་ གསལ་བསྒྲགས་འབད་ནི་ལུ་ གྲ་སྒྲིག་མེད་ཟེར་ཨིནམ་མ་ཚད་ འདམས་ངོ་སྦེ་བཅའ་མར་གཏོགས་མི་ཡོད་ས་ལས་ ལེགས་ཤོམ་ཚུ་གདམ་ཁ་རྐྱབ་ནིའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།
མ་གཞི་ འདམས་ངོ་ཚུ་ གསལ་བསྒྲགས་མ་འབད་རུང་ ཁོང་ལེ་ཤ་ཅིག་ར་ རང་སོའི་འདེམས་ཁོངས་ཚུ་ནང་ མི་ཚུ་དང་ཕྱད་ཐོག་ལས་ གྲོས་བསྟུན་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རིམ་མང་ལམ་ལུགས་ལུ་བརྟེན་ འབྲུག་པའི་བརྡ་བརྒྱུདཔ་ཚུ་གིས་ བརྡ་དོན་འཐོབ་ནི་ལུ་གདོང་ལེན།

༉ འབྲུག་པའི་བརྡ་བརྒྱུདཔ་ཚུ་ལུ་ ཉེན་འཚུབས་ཀྱི་ ཉམས་རྒུད་མ་འབྱུང་པའི་ཁར་ ཚེ་སྲོག་ལུ་ ཉེན་ཁ་ཆེ་བའི་གནས་སྟངས་ཡང་ མ་འབྱུང་སྟེ་འབད་རུང་ དུས་རྒྱུན་གྱི་ གནས་ཚུལ་བསྡུ་བཀོད་དང་འབྲེལ་བའི་ ལཱ་ཚུ་འབད་བའི་སྐབས་ དེ་དང་བསྟུན་པའི་གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་པས། བརྡ་བརྒྱུད་ནང་ལཱ་འབད་མི་ རྒན་རིམ་ཅིག་ཨིན་མི་ རིག་འཛིན་དབང་ཕྱུག་གིས་ …

Leave a Reply

Your email address will not be published. Required fields are marked *