༉ སྲིད་དོན་ཚོགས་པ་ཅིག་ཨིན་མི་ འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་འགལ་བའི་ ཕྱག་ལཱ་མཛད་ནི་དེ་གིས་ དགོངས་ཞུ་འབད་དགོ་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ ཚོགས་པའི་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ འགན་འཁྲི་འབག་པའི་སྐབས་ རྩ་ཁྲིམས་ཆེན་མོ་ སྤྱི་བོར་བཀུར་ཡོད་རུང་ ད་རེས་ བློན་ཆེན་གྱི་ ཕྱག་འགན་བཞེས་པའི་ ནམ་དུས་ལུ་ རྩ་ཁྲིམས་ཆེན་མོ་ལུ་ མ་གུས་པར་ ཕྱག་ལཱ་མཛད་མི་དེ་ ནམ་ཡང་མི་བརྗེད་ཟེར་བཀོད་ནུག།
ག་འཆརཔ་ཟེར་བ་ཅིན་ འཕྲལ་ཁམས་ཅིག་ཁར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ སྤྱི་ཚོགས་ལས་ ཆ་འཇོག་གྲུབ་དགོཔ་ཨིན་རུང་ དེ་ནང་ལས་ གནང་བ་མ་ཞུ་བར་ གཞུང་གིས་ ཞེ་སྡུག་སྦེ་ར་ ཆ་འཇོག་གྲུབ་མི་དེ་ རྩ་ཁྲིམས་ཀྱི་ དགོངས་དོན་ལས་ འགལ་བ་ཨིན་ཟེར་བཀོད་ནུག།
རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༤.༡ དང་འཁྲིལ་བ་ཅིན་ ཁྲལ་དང་གླ་འཐུས་ཀྱི་རིགས་ཚུ་ ཁྲིམས་མཐུན་ཐོག་ལས་མ་གཏོགས་ བསྒྱུར་བཅོས་འབད་མི་ཆོག་ཟེར་ཨིནམ་ད་ ད་རེས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ དངུལ་འབྲེལ་མཐུན་རྐྱེན་ ཆ་འཇོག་གྲུབ་མི་དེ་གིས་ རྒྱལ་ཁབ་དང་ མི་སེར་ལུ་ བརྙས་བཅོས་འབད་ཡི་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་ནང་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ སྤྱི་ཚོགས་ལས་ གནང་བ་མེད་པར་ སྣུམ་འཁོར་ནང་འདྲེན་གྱི་ ཁྲལ་ཡར་སེང་འབད་མི་ལུ་བརྟེན་ དེ་བསྒང་ ལྡོག་ཕྱོགས་འགོ་ཁྲིདཔ་སྦེ་ ཕྱག་ཞུ་མི་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འདས་པའི་གཞུང་དེ་ ཁྲིམས་སར་བསྐྱལ་ཡོད་རུང་ ད་རེས་ ཁོ་ར་ བློན་ཆེན་གྱི་ ཕྱག་འགན་བཞེསཔ་ད་ ཤེས་ཅི་མཐོང་ཅི་ར་ སྤྱི་ཚོགས་ལས་ གནང་བ་མེད་པར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ ཆ་འཇོག་འབད་ཡི་ཟེར་བཀོད་ནུག།
དེ་བསྒང་ ལྡོག་ཕྱོགས་ཀྱིས་ གཞུང་ཁྲིམས་སར་བསྐྱལ་མི་དེ་ རྒྱལ་རབས་ཅན་གྱི་ གནད་དོན་ལུ་ གྱུར་ཡོདཔ་བཞིན་དུ་ མངོན་མཐོ་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཁྲལ་ཡར་སེང་དང་ ཏི་རུའི་གནད་དོན་ག་ཅི་ར་ཨིན་རུང་ སྤྱི་ཚོགས་ཀྱིས་ དཔྱད་ཡིག་སྦེ་ ཆ་འཇོག་འགྲུབ་དགོཔ་ཨིན་ཟེར་བཀོད་ནུག།
ད་རེས་ མི་སེར་དམངས་གཙོ་ཚོགས་པ་གཞུང་གིས་ སྤྱི་ཚོགས་ལས་ གནང་བ་མེད་པར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ ཆ་འཇོག་གྲུབ་མི་དང་ འདས་པའི་གཞུང་གིས་ སྣུམ་འཁོར་ནང་འདྲེན་གྱི་ ཁྲལ་ཡར་སེར་འབད་མི་དེ་ ཁྲིམས་འགལ་ཅོག་འཐདཔ་སྦེ་ བརྩི་འཇོག་འབད་དགོ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ ད་རེས་ གཞུང་གིས་ཡང་ རྩ་ཁྲིམས་ཆེན་མོ་ལས་འགལ་བའི་ ལཱ་འབད་མི་དེ་ལུ་ཚ་གྱང་སྦོམ་ལང་དགོཔ་ བྱུང་ཡོདཔ་མ་ཚད་ གཙུག་སྡེ་༡ རྩ་ཁྲིམས་ལས་འགལ་བའི་ གནད་དོན་ཐོག་ལུ་ ཁྲིམས་ཀྱི་འདུན་སར་བསྐྱལ་བའི་ཤུལ་ལས་ ད་རུང་ གཙུག་སྡེ་གཅིག་གིས་ རྩ་ཁྲིམས་དང་མ་མཐུན་པར་ ལཱ་འབད་མི་དེ་ རྩ་ལས་མི་རུང་ཟེར་ཨིན་པས།
དེ་བཟུམ་གྱི་ལཱ་དེ་ ཁྲིམས་འགལ་ཨིནམ་ ཤེས་བཞིན་མཐོང་བཞིན་འབད་མི་དེ་ སྲིད་དོན་ཚོགས་པ་ རང་འདོད་ཅན་ཨིནམ་མ་ཚད་ ཉེན་ཁ་ཅན་ཡང་ཨིནམ་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཁྲིམས་འགལ་འབད་མི་དེ་ རྩ་ཁྲིམས་ཆེན་མོ་ལུ་ གུས་ཞབས་དང་ བརྩི་བཀུར་མེད་པའི་ བརྡ་མཚོན་ཨིན་ཟེར་བཀོད་ནུག།
དེ་མ་ཚད་ སྤྱིར་བཏང་རྒྱལ་ཁབ་དང་ དམངས་གཙོའི་རིང་ལུགས་ལུ་ ཁྲེལ་དང་ངོ་ཚ་མེད་པའི་ ལཱ་ཨིནམ་མ་ཚད་ རྩ་བ་གསུམ་ལུ་ ཐ་དམ་ཚིག་མེདཔ་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་ ཡིག་ཚང་ལས་ དགོངས་ཞུ་འབད་དགོ་ཟེར་ འབྲུག་མཉམ་རུབ་ཚོགས་པ་གིས་ བློ་འདོད་བཀོདཔ་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ དམངས་གཙོའི་རུང་ལུགས་ འགོ་བཙུགས་ཏེ་ ལོ་མངམ་མ་འགྱོ་བའི་ ནམ་དུས་ལུ་ མ་འོངས་པར་ རྒྱལ་ཁབ་རྩ་བརྟན་བཟོ་ནི་དེ་ གལ་ཆེཝ་ལས་ གཞུང་དང་ ཡང་ཅིན་ སྲིད་དོན་ཚོགས་པ་ ག་ཨིན་རུང་ རྩ་ཁྲིམས་ཆེན་མོ་ལུ་ གུས་ཞབས་མེད་པའི་ ལཱ་འབད་དེ་ སྲོལ་ངན་པ་སྟོནམ་ལས་ དེ་བཟུམ་གྱི་ ལཱ་འབད་ནི་ལས་ འཛེམ་དགོ་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོ་དེ་ རྒྱལ་ཁབ་ཀྱི་ཁྲིམས་དང་ སྲིད་བྱུས་ཚུ་གི་མ་ཨིནམ་མ་ཚད་ གསེར་ཁྲི་རྩ་བ་ལས་ འབྲུག་པའི་མི་སེར་ཚུ་ལུ་གསོལ་རས་སྦེ་ གནང་ནི་དེ་གིས་ དེ་ལུ་ གུས་ཞབས་མ་བསྐྱེད་པར་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་གཞུང་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་གི་ གྲ་སྒྲིག་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།