མཉམ་རུབ་ཚོགས་པའི་འཐུས་མི་ཚུ།

འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ངོ་༤༦ ལུ་ ཤོག་འཛིན་སྤྲོད་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་ཡོད་པའི་ བརྡ་མཚོན་ལུ་ ཁ་ཙ་ ཐིམ་ཕུག་ལུ་ འདེམས་ངོ་༤༦ ཐེངས་གཅིག་ནང་ ངོ་སྤྲོད་འབད་ཡོདཔ་བཞིན་དུ་ ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འདེམས་ངོ་ཚུ་ལུ་ ཤོག་འཛིན་སྤྲོད་ཅི།

སྤ་རོ་རྡོ་དཀར་- ཤར་པའི་འདེམས་ངོ་དེ་ ད་ལྟོ་ དགོངས་ཞུ་དང་འབྲེལ་བའི་ བྱ་རིམ་ཚུ་ འབད་བའི་བསྒང་ཡོདཔ་ལས་ ངོ་སྤྲོད་འབད་མ་ཚུགས་པའི་ཁར་ གཞལམ་སྒང་པཱན་སྦང་གི་ འདེམས་ངོ་དེ་ ལམ་མ་ཐལ་བར་ ཁ་ཙ་ ལྷོད་མ་ཚུགས་པས།

ཚོགས་པའི་གཙོ་འཛིན་འོགམ་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ རྡོ་དཀར་ཤར་པའི་ འདེམས་ངོ་དེ་ཡང་ ཞག་དག་པ་ཅིག་ནང་ ངོ་སྤྲོད་འབད་ནི་ཨིནམ་མ་ཚད་ ངོ་སྤྲོད་འབད་མི་ འདེམས་ངོ་ཚུ་ལུ་ ཤོག་འཛིན་བྱིན་མི་དེ་ བཙག་འཐུ་ནང་ གཞུང་འབྲེལ་ཐོག་ དོ་འགྲན་འབད་ཆོག་པའི་ ངོ་རྟགས་ཨིན་ཟེར་བཤད་ཅི།

གཙོ་འཛིན་འགོམ་གིས་འབད་བ་ཅིན་ ཚོགས་པའི་ནང་ ལཱ་གི་ཉམས་མྱོང་མ་འདྲཝ་ཡོད་མི་ འདེམས་ངོ་ཚུ་ཡོད་པའི་ཁར་ ལ་ལོ་ ཤེས་ཡོན་མཇུག་བསྡུ་བའི་ཤུལ་ལས་ གཡུས་ཁར་སྡོད་དེ་ སོ་ནམ་གྱི་ ལཱ་འབད་མི་དང་ སྒོ་ནོར་གསོ་སྐྱོང་འབད་སྡོད་མི་ དེ་ལས་ ལ་ལོ་ ཕྱི་རྒྱལ་ལས་ཕར་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ ལཱ་གི་གོ་སྐབས་ཐོབ་ཡོད་རུང་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ གོ་སྐབས་ལེན་སྡོད་མི་ཡང་ཡོད་ཟེར་ཨིན་པས།

མི་སེར་གྱི་ རེ་འདོད་ཚུ་ འགྲུབ་ཚུགས་ནིའི་དོན་ལུ་ བཙག་འཐུ་ནང་ གོ་སྐབས་བྱིན་འོང་མནོ་བའི་ རེ་བ་ཡོད་ཟེར་ གཙོ་འཛིན་འོག་མ་གིས་ བཤད་ཅི།

ཌོག་ཊར་བློ་གྲོས་ཚེ་རིང་གིས་ ད་རེས་ནངས་པར་ སྲིད་དོན་ནང་ བཅའ་མར་གཏོགས་མི་ཚུ་གིས་ འགོ་དང་པ་ར་ ཁོང་ར་ རྒྱལ་ཁ་འཐོབ་དགོ་ཟེར་བའི་ མནོ་བསམ་བཏང་མི་ཡོདཔ་ལས་ རང་རྒྱལ་ཁ་འཐོབ་ནི་མེན་པར་ དང་པ་ར་ རྒྱལ་ཁབ་འདི་ ཁག་ཆེ་ཟེར་བཤད་པའི་ཁར་ སྲིད་ཚོགས་ནང་ཡོད་མི་ཚུ་གིས་ གཞན་གྱིས་འབད་ནི་དེ་ ཁྱད་མི་ཆོས་དོ་བཟུམ་སྦེ་ མནོ་མི་ཡང་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་གིས་ རང་ཁག་མི་ཆེ་ཟེར་བའི་ དམ་བཅའ་འབད་དགོ་ཟེར་བཤད་ཅི།

གཞུང་སྐྱོང་ནི་དེ་ མི་དག་པ་ཅིག་གིས་ འབད་མི་ཚུགས་ནི་ཨིནམ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ སྡེ་ཚན་ཐོག་ལས་ མཉམ་རུབ་འབད་དེ་ ལཱ་འབད་ནི་ཨིན་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ འདས་པའི་བཙག་འཐུ་ཚུ་ནང་ མི་སེར་ཚུ་ འདྲོག་བྱེལ་འཐབ་བཅུག་པའིཁ་ར་ མ་བདེན་པའི་ གཏམ་ཚུ་སླབ་སྟེ་ རྒྱལ་ཁ་ཐོབ་མི་ཡང་ཡོད་ཟེར་བཤད་ཅི།

མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་གཉིས་ལུ་ གཞུང་སྐྱོང་དང་ ལྡོག་ཕྱོགས་འབད་ནིའི་ གོ་སྐབས་བྱིན་ཡོདཔ་ལས་ དུས་ཅིའི་བཙག་འཐུ་སྐབས་ ཚོགས་པ་དེ་གཉིས་ བཀག་མ་ཚུགས་པ་ཅིན་ མི་སེར་གྱི་ གདམ་ཁ་འཛོལ་འོང་ཟེར་ གཙོ་འཛིན་གྱིས་ བཤད་ཅི།

འདས་པའི་གཞུང་ཚུ་གིས་ མི་སེར་གྱི་དོན་ལུ་ ཕྱག་ཞུ་སྟེ་འབད་རུང་ འདྲོག་བྱེལ་ཐོག་ལས་འབད་བ་ཅིན་ ཕྱག་ཞུ་བའི་ རྟགས་མཚན་མེན་པའི་ཁར་ ད་ལྟོའི་ གཞུང་གི་སྐབས་ལུ་ དྲུང་ཆེན་གསུམ་དགོངས་ཕོག་བཏང་ཡོད་མི་དེ་ཡང་ ཤུལ་ལས་ ཧ་གོ་བའི་བསྒང་ལས་ ཚོགས་པ་དང་ གཞུང་གི་བར་ན་ སྟབས་མ་བདེཝ་ཡོད་པའི་ཁར་ ད་རེས་གཞུང་སྐྱོང་གིས་ གཞུང་གི་དྲུང་ཆེན་དང་མདོ་ཆེན་ཚུ་ ཚོགས་པའི་ནང་ འཛུལ་བཅུག་མི་ལུ་ལྟཝ་ད་ དམིགས་པ་སོ་སོར་སྡོད་ནུག་ཟེར་ གཙོ་འཛིན་ཌོག་ཊར་བློ་གྲོས་ཀྱིས་ བཤད་ཅི།

ཚོགས་པའི་ནང་ ཨམ་སྲུ་འདེམས་ངོ་ལྔ་ཡོད་མི་ཚུ་ཡང་ མགར་ས་ཁ་སྨད་-ལུང་ནག་ནང་གི་འདེམས་ངོ་ ཡེ་ཤེས་སྒྲོལམདང་ ཆུ་ཁ་སྦོང་སྒོ་- སྐྱབས་ཆ་འདེམས་ཁོངས་ཀྱི་ ཚེ་དབང་ལྷ་མོ་ ཧཱ་གསང་སྦས་ཁ་ལས་ རྡོ་རྗེ་དབང་མོ་ བྱང་ཐིམ་ཕུག་ལས་ བདེ་ཆེན་དབང་མོ་དང་ བསམ་རྩེ་བཀྲིས་ཆོས་གླིང་འདེམས་ཁོངས་ལས་ དཱིལ་མ་ཡ་རའི་ཚུ་ཨིན་པས།

ཚོགས་པའི་ནང་ ཨམ་སྲུང་ལྔ་ལས་མེད་རུང་ ཚོགས་པ་གིས་ ཨམ་སྲུང་ཚུ་གོ་སྐབས་བྱིན་ནིའི་ དཔའ་བཅམ་ཡོད་རུང་ མང་ཤོས་ཀྱིས་ གོ་སྐབས་ལེན་མི་བཏུབ་པས་ཟེར་ཨིན་པས།

འདེམས་ངོ་ཚུ་ཡང་ རྒྱལ་ཡོངས་ཚོགས་སྡེ་ནང་ ཕྱག་ཞུ་མི་ འཐུས་མི་བགྲེསཔ་༣ དང་ སྲིད་དོན་ཚོགས་པའི་ འཐུས་མི་བགྲེསཔ་གཉིས་ དེ་ལས་ གཞུང་གི་དྲུང་ཆེན་བགྲེསཔ་༣ འདུག།

ལོ་ཚད་ལས་བཅད་པ་ཅིན་ སྐྱེས་ལོ་༢༥ ལས་༣༥ འི་བར་ན་འབད་མི་ འདེམས་ངོ་༩ དང་ སྐྱེས་ལོ་༣༦ ལས་༤༥ འི་བར་ན་འབད་མི་༡༨ དེ་ལས་ སྐྱེས་ལོ་༤༦ ལས་༥༥ འི་བར་ན་འབད་མི་༡༢ དང་ སྐྱེས་ལོ་༥༦ ལས་༦༥ འི་བར་ན་འབད་མི་ འདེམས་ངོ་༧ ཡོདཔ་བཞིན་དུ་ ཉམས་མྱོང་ལས་བཅད་པ་ཅིན་ བརྡ་བརྒྱུད་ནང་ ལཱ་འབད་མི་དང་ ཁག་འབགཔ་ མི་མང་གསོ་བའི་མཁས་མཆོག་ ཚོང་འབྲེལ་བདག་སྐྱོང་དང་ སོ་ནམ་པ་ དཔལ་འབྱོར་མཁས་མཆོག་ དེ་ལས་ མི་སྡེའི་ལཱ་འབད་མི་ཚུ་ཡོདཔ་ཨིན་པས།

ཚོགས་པའི་ལྟ་བ་དེ་ ཕྱུགཔོ་དང་སྤྱང་ཀའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དེ་ཨིནམ་བཞིན་དུ་ སྲིད་བྱུས་ཀྱི་ཐོག་ལས་ ཁྱད་པར་དེ་ མེདཔ་བཟོ་དགོཔ་ཡོད་ཟེར་ཨིནམ་ད་ ཁོ་ར་ སྨན་ཁང་ནང་ལཱ་འབད་མི་ཅིག་ཨིན་རུང་ སྨན་ཁང་ནང་ མི་ངོ་ཤེས་མི་དང་མ་ཤེས་མིའི་བར་ན་ ཁྱད་པར་ཕྱེ་མི་དེ་མཐོ་ཤོས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་འོང་ཟེར་ གཙོ་འཛིན་གྱིས་ བཤད་ཅི།

གཙོ་འཛིན་གྱིས་ སླབ་མིའི་ནང་ ཚོགས་པའི་འཐུས་མི་ཅིག་ཨིན་མི་ ཉི་མ་ཚེ་རིང་གི་སྐོར་ལས་ དྲི་བའི་སྐབས་ ཁོ་ར་ ཧེ་མ་ཚོགས་པའི་ནང་ འཛུལ་ཡོད་རུང་ སྤྱི་ལོ་༢༠༡༣ ལས་ ཕྱི་རྒྱལ་ལུ་ ལཱ་འབད་བར་སོང་ཡོད་པའི་ཤུལ་ལས་ དགོངས་ཞུ་འབད་ནུག་ཟེར་ཨིན་པས།

དེ་མ་ཚད་ ཁོ་དང་གཅིག་ཁར་ ངོ་ཤེས་འདྲིས་ཤེས་ཡོད་རུང་ ཚོགས་པའི་ནང་ འདེམས་ངོ་སྦེ་ འཛུལ་ནིའི་སྐོར་ལས་ ལོ་རྒྱུས་སླབ་སྟེ་མེད་ཟེར་ གཙོ་འཛིན་གྱིས་ བཤད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *