ཌོག་ཊར་བློ་གྲོས་ཚེ་རིང་གིས་ གཙོ་འཛིན་གྱི་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་ཨང་གྲངས་སྟོན་པའི་བསྒང་།

འབྲུག་མཉམ་རུབ་ཚོགས་པ་གིས་ ཌོག་ཊར་བློ་གྲོས་ཚེ་རིང་ གཙོ་འཛིན་སྦེ་ གདམ་འཐུ་འབད་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལུ་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་ཞལ་འཛོམས་འཚོགས་པའི་སྐབས་ ཚོགས་པའི་གཙོ་འཛིན་གསརཔ་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ དུས་ཅི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ འདེམས་ཁོངས་ག་ར་ལས་་ འདེམས་ངོ་ཚུ་ ཚང་ཡོད་མི་དེ་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ ཁོ་གི་སྲིད་ཚོགས་དེ་ དང་པ་ཨིན་ཟེར་བཤད་ཅི།
ཡོངས་ཁྱབ་ཞལ་འཛོམས་སྐབས་ ཌོག་ཊར་བློ་གྲོས་ཚེ་རིང་དེ་ ཚོགས་པའི་གཙོ་འཛིན་དང་ དྲགོས་ཤེས་རབ་རྒྱལ་མཚན་དེ་ གཙོ་འཛིན་འོག་མ་སྦེ་ གདམ་འཐུ་འབད་ཡི།
ཚོགས་པའི་ཞལ་འཛོམས་མ་འཚོགས་པའི་ཧེ་མར་ ན་ཧིང་ ཧཱ་རྫོང་ཁག་ནང་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་པའི་སྐབས་ ཚོགས་པའི་གཙོ་འཛིན་གྱི་སྐོར་ལས་ དུས་ཐུང་གློག་བརྙན་བཟོ་ཡོད་མི་དེ་ གསལ་སྟོན་འབད་ཡི།
སྤྱི་ལོ་༢༠༡༣ ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཚོགས་པ་འགོ་ཁྲིད་ཐོག་ལས་ སྐུལ་བསྒྲགས་འབད་ཡོདཔ་ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ལས་ ཚོགས་རྒྱན་ལངམ་སྦེ་ ཐོབ་མ་ཚུགས་པའི་ཤུལ་ལས་ མི་སེར་དམངས་གཙོ་ཚོགས་པ་ནང་འཛུལ་ཏེ་ དོ་འགྲན་འབད་ཡོདཔ་ཨིན་པས།
གཙོ་འཛིན་གྱིས་ ལོ་ལྔའི་རིང་ ཕྱག་ཞུ་ནིའི་ གོ་སྐབས་བྱིན་པ་ཅིན་ ཁོ་གིས་སླབ་མི་ ཁས་བླངས་ཚུ་དང་འཁྲིལ་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལུ་ བསྒྱུར་བཅོས་སྦོམ་བཟོ་ཚུགས་ཟེར་ བཤད་པའི་ཁར་ དེ་གི་ཤུལ་ལས་ ད་རུང་ ཁོ་ལུ་ བློན་ཆེན་འབད་ནིའི་ གོ་སྐབས་གནང་སྟེ་འབད་རུང་ རྒྱབ་བཤུད་རྐྱབ་སྡོད་ནི་ཟེར་བཤད་ཅི།
ཁོ་གིས་འབྲུག་མི་བར་ན་སྐོརམ་ནང་ ཚུད་མི་ཚུ་གི་དོན་ལུ་ ཕན་ཐོགས་པའི་ སྲིད་བྱུས་ག་ཅི་སྦེ་ མེདཔ་ཨིན་ན་ཟེར་ དྲི་བཀོད་འབད་བའི་ཁར་ དེ་བཟུམ་སྦེ་ ད་རེས་ འབྲུག་མི་ལ་ལོ་གིས་ ཐོབ་ཚུགས་པའི་ གསོ་བའི་མཐུན་རྐྱེན་ཚུ་ཡང་ མི་སེར་སྤྱིར་བཏང་གིས་ ཐོབ་ཚུགས་པའི་སྲིད་བྱུས་ དེ་ལས་ གསོ་བའི་མཁས་མཆོག་དགོ་པའི་ སྲིད་བྱུས་ལ་སོགས་པ་དང་ གཞན་ཡང་ གྲོས་ཐག་བཅད་མི་དང་ མི་སེར་ཚུ་ལུ་ ཞབས་ཏོག་ཚུ་ ལྷོད་ཚུགསཔ་འབད་ནིའི་ སྲིད་བྱུས་ཚུ་ བཟོ་དགོཔ་འདུག་ཟེར་བཤད་ཅི།
དཔེར་ན་ གཙོ་འཛིན་ཁོ་ར་གིས་ རྫོང་ཁག་གནས་ཚད་ནང་ གསོ་བའི་ཞབས་ཏོག་བྱིན་ཏེ་ འགྱོ་བའི་སྐབས་ ཉིན་ལམ་ལས་བཅད་དེ་ རྐང་སྟོང་སྦེ་ འགྱོ་ཐོག་ལས་ གཙོ་བསྟེན་སྨན་ཁང་ནང་བཏང་དགོཔ་ ཐོན་དོ་ཡོད་པའི་ཁར་ ལཱ་ཁག་སྦེ་ སྨན་ཁང་ནང་ལྷོདཔ་ད་ སྨན་བཅོས་འབད་ནིའི་ དུས་ཚོད་ཕྱིས་ཏེ་ཡོདཔ་མཐོང་ཅི་ཟེར་བཤད་ཅི།
ང་གིས་ གསོ་བའི་སྲིད་བྱུས་དང་ གཞན་ཡང་སྲིད་བྱུས་གཞན་ཚུ་ལུ་ བལྟ་བའི་སྐབས་ མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ སྲིད་བྱུས་ཚུ་ སོར་དགོ་པའི་ དུས་ཚོད་རན་ནུག་ཟེར་ གཙོ་འཛིན་གསརཔ་གིས་ བཤད་ཅི།
གཙོ་འཛིན་གྱིས་ བཤད་མིའི་ནང་ མི་སེར་གྱི་ མཐའ་དོན་ཧ་གོ་མི་དང་ མི་སེར་གྱི་མཐའ་དོན་ལུ་ ལཱ་འབད་ནིའི་ ལྟ་བ་ཡོད་མི་ སྲིད་དོན་ཚོགས་པ་ཡོད་པ་ཅིན ཚོགས་པ་དེ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་བྱིན་ནི་དེ་ གལ་ཆེ་བས་ཟེར་ཨིནམ་ད་ སྲིད་ཚོགས་དེ་གིས་ མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ ལཱ་འབད་ནིའི་ བློ་གཏད་ཡིད་ཆེས་ཡོད་མི་དང་ ཚོགས་པའི་ནང་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ཡོད་པའི་ཁར་ མི་སེར་ཚུ་ལས་ རྒྱབ་སྐྱོར་འབད་མི་ཐོནམ་ད་ ཚོགས་པའི་དོན་ལུ་ གཙོ་འཛིན་འབད་ནི་ལས་ འཛེམ་མི་སྡོད་ཟེར་བཤད་ཅི།
ཁྱེད་ཀྱིས་ མི་ང་ར་རྐྱངམ་གཅིག་གིས་ རྒྱལ་ཁབ་ཀྱི་ དཀའ་ངལ་ཚུ་ སེལ་ནི་དང་ རྒྱལ་ཁབ་སྐྱོང་ཚུགས་ཟེར་བ་ཅིན་ དེ་མི་བདེན་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ སྲིད་དོན་ནང་འཛུལ་ནིའི་ སྤྲོ་བ་ཡོད་མི་དང་ ཁ་སླབ་ཤེས་མི་ དེ་ལས་ རྒྱུས་ཡོད་མི་རྐྱངམ་གཅིག་གིས་ཡང་ རྒྱལ་ཁབ་སྐྱོང་མི་ཚུགས་ནི་ཨིནམ་ལས་ རྒྱལ་ཁབ་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་མི་དང་ ཡུན་བརྟན་གྱི་ཐོག་ལས་ མནོ་བསམ་བཏང་ཤེས་མི་ཚུ་དགོ་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ གཞུང་སྐྱོང་པའི་སྐབས་ མགུ་གཏད་ས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ བཞུགས་ཏེ་ཡོདཔ་ལས་ མི་ཚེ་ནང་ ནམ་ར་འབད་རུང་ ཚ་གྱང་ལང་དགོ་པའི་ གཞི་མི་འཐོན་ཟེར་ཨིན་པས།
གཙོ་འཛིན་གོང་འོག་གཉིས་ བཙག་འཐུ་འབད་བའི་སྐབས་ གཙོ་འཛིན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ དགོ་གི་ཚོགས་རྒྱན་༡,༡༥༥ དང་ མི་དགོ་གི་ཚོགས་རྒྱན་་༢༩ དེ་ལས་ གཙོ་འཛིན་འོགམ་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ དགོ་གི་ཚོགས་རྒྱན་༡,༠༨༦ དང་ མི་དགོ་ཟེར་མི་༧༢ ཐོབ་ཅི།
ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ བཤད་མིའི་ནང་ ཚོགས་པའི་ནང་ འཐུས་མི་སྦེ་འཛུལ་མི་ འཐུས་མི་དག་པ་ཅིག་གིས་ སྤྱི་ལོ་༢༠༡༣ ལུ་ ཚོགས་པ་གཞི་བཙུགས་ཀྱི་ འཆར་གཞི་བརྩམས་པའི་སྐབས་ལས་ར་ ཚོགས་པའི་ལྟ་བ་ཚུ་ གཞི་བཙུགས་འབད་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཚོགས་པའི་ནང་ ཐོ་བཀོད་འབད་མི་ འཐུས་མི་༥༠༠ དེ་ཅིག་ཡོད་མི་ལས་ ད་རེས་༡,༠༠༠ ལྷགཔ་ཅིག་ལུ་ ལྷོད་ཡོདཔ་ལས་ ཚོགས་པའི་ལྟ་བ་དེ་ལུ་ ཡིད་ཆེས་ག་དེ་ཅིག་ བྱུང་ཡོདཔ་ཨིན་ན་ ཤེས་ཚུགས་པས་ཟེར་ ཁོ་གིས་ བཤད་ཅི།
གཙོ་འཛིན་བགྲེསཔ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཚོགས་པའི་ལྟ་བ་དེ་ ཕྱུགཔོ་དང་སྤྱང་ཀའི་བར་ན་ ཁྱད་པར་མེདཔ་བཟོ་ནི་དེ་ཨིན་པའི་སྐོར་ལས་ མི་མང་ལུ་ གོ་བརྡ་སྤྲོད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་་ ཕྱུགཔ་ཚུ་ལུ་ སླབ་དགོཔ་ག་ནི་ཡང་མེད་རུང་ སྤྱང་ཀ་ཚུ་ ཡར་དྲག་བཟོ་ནིའི་དོན་ལུ་ འབད་དགོཔ་ལེ་ཤ་ཡོདཔ་ལས་ དེ་གི་དོན་ལུ་ ཚོགས་པ་གིས་ སྲིད་བྱུས་དང་འཆར་གཞི་ཚུ་གི་ ལཱ་འབད་འོང་ཟེར་ཨིན་པས།
ཞལ་འཛོམས་སྐབས་ ཚོགས་པ་ནང་འཛུལ་མི་འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་བགྲེསཔ་གསུམ་དང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ འགོ་འདྲེན་པ་གཉིས་ཀྱིས་ཡང་ ཞལ་འཛོམས་སྐབས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *