འབྲུག་མཉམ་རུབ་ཚོགས་པ་གིས་ ལྡོག་ཕྱོགས་ལུ་ རྩོད་གཞི་བཙུགས་དགོ་པའི་ཞུ་སྐུལ།

༉ གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གནང་མི་དེ་ ཁྲིམས་མཐུན་ཨིན་མེན་ གཏན་འབེབས་བཟོ་ནིའི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ལྡོག་ཕྱོགས་ཚོགས་པ་ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་གཞི་འཕྲོ་མཐུད་འབད་དགོཔ་སྦེ་ ཡིག་ཐོག་ལུ་ ཞུ་སྐུལ་འབད་ནུག།
དེ་ཡང་ སྲིད་ཚོགས་དེ་གིས་ དུས་ཅི་ སྤྱི་ཟླ་༨ པའི་ནང་ རྩ་ཁྲིམས་ཅན་གྱི་ བཀའ་ཡིག་ཞུ་ནིའི་དོན་ལུ་ བཤེར་ཡིག་བཙུགས་མི་དེ་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཁྲིམས་གཏུགས་འབད་ནི་གི་ ས་ཁྱོན་དབང་ཁྱབ་མེད་ཟེར་ བདེན་ཁུངས་ཟང་སྟེ་ ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ ཕྱིར་འབུད་བཏང་མི་ལུ་བརྟེན་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་ དོན་ཚན་༣༡.༢ དང་༡༤༩ པའི་དགོངས་དོན་ལྟར་ མི་ངོ་ཅིག་གམ་ མི་ངོ་སྡེ་ཚན་གྱི་ ཐོབ་དབང་ལུ་ ཐད་ཀར་གནོད་པའམ་ གནོད་འཚེ་ངོ་མ་བྱུང་སྟེ་ཡོད་ན་ མི་སྡེའི་རྩོད་གཞི་བཙུགས་ནི་གི་ ཐོབ་དབང་ཡོད་རུང་ འབྲེལ་བ་ཉེ་པོར་མེད་པའི་ མི་ངོམ་མམ་ མི་ངོ་སྡེ་ཚན་ལུ་ མི་སྡེའི་རྩོད་གཞི་བཙུགས་ནི་གི་ ཐོབ་དབང་མེདཔ་བཞིན་དུ་ ཞུ་གཏུགས་པ་ལུ་ ཐད་ཀར་གནོད་པའམ་ གནོད་འཚེ་ངོ་མ་བྱུང་སྟེ་མེདཔ་ལས་ རྩ་ཁྲིམས་ཀྱི་བཀའ་ཡིག་ཞུ་ནིའི་དོན་ལུ་ ཞུ་གཏུགས་འབད་ནིའི་ དབང་ཁྱབ་མེད་མི་ལུ་བརྟེན་ འབྲུག་མཉམ་རུབ་ཚོགས་པའི་ བཤེར་ཡིག་དེ་ ཕྱིར་འབུད་བཏངམ་ཨིན་ཟེར་བཀོད་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་མི་དེ་ཡང་ གཞུང་སྐྱོང་ཚོགས་པ་གིས་ སྤྱི་ཚོགས་ལས་ གནང་བ་མེད་པར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གནང་ཐོག་ལས་ ཁྲལ་རིགས་དགོངས་ཡངས་དང་ མར་ཕབ་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༤ པའི་དོན་ཚན་༡ པའི་ དགོངས་དོན་ལས་འགལ་ཏེ་ རྒྱལ་ཁབ་ཀྱི་ མ་དངུལ་ཚུ་ བསྡུ་བླང་འབད་ནི་དེ་གིས་ཨིན་པས།
ཚོགས་པ་གིས་ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་ལུ་བཏང་མི་ ཡི་གུ་ནང་ གཞུང་གིས་ སྡེ་ཚན་ཆ་ཤས་ཅིག་ལུ་ ཁྲལ་ཡངས་ཆགས་གནང་ནིའི་དོན་ལུ་ ཁྲལ་བསྒྱུར་བཅོས་རྐྱབ་སྟེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་འགལ་ཡོདཔ་་མ་ཚད་ གནད་དོན་དེ་གི་སྐོར་ལས་ ལྡོག་ཕྱོགས་དང་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱབ་འགལ་སྒྲིང་སྒྲི་འབད་ཡོད་མིའི་སྐོར་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ ཤེས་རྟོགས་འོང་ཟེར་བཀོད་ནུག།
ད་རུང་ ང་བཅས་ཀྱིས་ བརྡ་བརྒྱུད་ཐོག་ལས་ཡང་ འདི་བཟུམ་མའི་ ཚ་གྱང་ཚུ་ གསལ་བཀོད་འབད་མི་དེ་ཡང་ གཞུང་གི་ཁ་ཐུག་ལས་ འཛོལ་བ་བཟོ་མི་ལུ་ ངོས་ལེན་ཐོག་ ནོར་བཅོས་འབད་ནི་གི་ རེ་བ་བསྐྱེད་ཡོད་རུང་ གཞུང་གིས་ ཁྲིམས་འདུན་ལུ་ བསྐྱལ་དགོཔ་སྦེ་ གདོང་ལེན་འབདཝ་བཞིན་དུ་ ང་བཅས་ཀྱིས་ ཁྲིམས་སར་བསྐྱལ་ཡི་ཟེར་ ཞུ་སྐུལ་ཡི་གུ་ནང་བཀོད་ནུག།
རྩ་ཁྲིམས་ཅན་གྱི་ རྩོད་གཞི་དེ་ ཆེ་མཐོ་ཁྲིམས་འདུན་ལས་ ཕྱིར་འབུད་ཀྱི་ འཁྲུན་ཆོད་གནང་མིའི་ རྒྱབ་འགལ་ལུ་ ཚོགས་པ་གིས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ནིའི་ཚབ་ལུ་ ལྡོག་ཕྱོགས་ལུ་ ཡི་གུ་བྲིས་ཏེ་ ཁོང་གིས་ རྩོད་གཞི་བཙུགས་དགོ་པའི་ ཞུ་སྐུལ་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
རྩོད་དོན་དེ་ སེལ་མ་ཚུགས་པར་ ལུས་ཡོདཔ་ལས་ ང་བཅས་རའི་ དམངས་གཙོའི་རིང་ལུགས་ཀྱི་དོན་ལུ་ ལེགས་ཤོམ་མེན་པའི་ཁར་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་མི་ལུ་ སྣང་མེད་སྦེ་ བཞག་མི་ཚུགས་ཟེར་ ཚོགས་པའི་གཙོ་འཛིན་ རྟ་མགྲིན་རྡོ་རྗེ་གིས་ མིང་རྟགས་བཀོད་མི་ ཡི་གུ་ནང་ བཀོད་པའི་ཁར་ ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ རྩོད་གཞི་དེ་ ཁྲིམས་མཐུན་ཡོད་པའི་ཁར་ གཞུང་ལུ་ འཛོལ་བ་ཡོདཔ་བཟུམ་མའི་ གསལ་བཀོད་གནང་ནུག་ཟེར་ཨིན་པས།
ཨིན་རུང་ ཁྲིམས་འདུན་གྱིས་ གཞུང་ལུ་ ནོར་བཅོས་འབད་བཅུག་ནི་གི་ འགན་ཁུར་དེ་ ལྡོག་ཕྱོགས་ཚོགས་པ་ལུ་མ་གཏོགས་ སྤྱི་ཚོགས་ཀྱི་ འགན་འཁྲི་མེད་པའི་ སྲིད་དོན་ཚོགས་པ་གཞན་ཚུ་ལུ་ འགན་དབང་མེདཔ་སྦེ་ འཁྲུན་ཆོད་ནང་ གསལ་བཀོད་གནང་ནུག་ཟེར་ ཡི་གུ་ནང་བཀོད་ནུག།
དེ་འབདཝ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་འབད་བ་ཅིན་ ཁོང་གིས་ རྩོད་གཞི་དེ་ ཁྲིམས་ཀྱི་འདུན་སར་ མི་བཙུགས་ཟེར་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ ལྡོག་ཕྱོགས་ཀྱིས་ གཞུང་སྐྱོང་དེ་ ཁྲིམས་སར་བསྐྱལ་བ་ཅིན་ སྤྱི་ཚོགས་ནང་ དམངས་གཙོའི་བྱ་རིམ་ཐོག་ལས་ ཐག་བཅད་ཀྱི་ དབང་ཚད་དེ་ དྲང་ཁྲིམས་ལྷན་སྡེ་ལུ་ རྩིས་སྤྲོད་དོ་བཟུམ་ འགྱོ་འོང་ཟེར་ བཤདཔ་ཨིན་པས།
དེ་གི་ནང་དོན་ཉིད་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁེ་རྒུད་མ་བཏུབ་པ་ཅིན་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ ཁྲིམས་ཀྱི་བྱ་རིམ་ མ་རྫོགས་ཚུན་ བསྟར་སྤྱོད་མ་འབད་བས་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *