འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་དང་ཕྱད་མི་དེ་ ལམ་ལུགས་ལས་ འགལ་བ་མེནམ།

ད་རེས་ནངས་པར་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་ཚུ་གིས་ འདེམས་ཁོངས་དང་ རྒེད་འོག་ཚུ་ནང་ སོང་ཞིནམ་ལས་ མི་སེར་ཚུ་དང་གཅིག་ཁར་ཕྱད་དེ་ ཁོང་གི་དཀའ་ངལ་དང་ བསམ་འཆར་ཚུ་ བསྡུ་ལེན་འབད་མི་དེ་ལུ་ མི་ཚུ་གིས་འབད་བ་ཅིན་ ལམ་ལུགས་ལས་ འགལ་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ཨིན་པས།

དེ་ཡང་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་གཞུང་ ཐེངས་༣ པའི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ད་ལྟོ་ ཟླཝ་༥ ལྷགཔ་ཅིག་ཡོདཔ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་ཚུ་དང་གཅིག་ཁར་འཕྱད་ནི་དེ་ ཧ་རང་ཧ་བས་ཟེར་ཨིནམ་ད་ གཞུང་ཐེངས་༣ པའི་ བཙག་འཐུའི་བྱ་རིམ་ཚུ་ སྤྱི་ལོ་༢༠༡༨ ཀྱི་ ཟླཝ་༢ པའི་ནང་ལས་ འགོ་བཙུགས་ནི་ཨིན་པས།

དེ་འབདཝ་ད་ འབྲུག་གི་ བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་དང་ རྒེད་འོག་ཚུ་ནང་ སོང་ཞིནམ་ལས་ མི་སེར་ཚུ་དང་གཅིག་ཁར་ཕྱད་མི་དེ་ ལམ་ལུགས་ལས་འགལ་བ་མེན་ཟེར་ཨིནམ་ད་ དེ་ཡང་ ཚོགས་པ་གིས་ དེ་བཟུམ་གྱི་ལས་རིམ་ འགོ་མ་བཙུགས་པའི་ཧེ་མར་ ལྷན་ཚོགས་ལས་ གནང་བ་ལེན་ཡི་ཟེར་ སླབ་ཨིན་པས།

བཙག་འཐུ་ལྷན་ཚོགས་ཀྱི་ དོགས་སེལ་ཡི་གུ་དང་འཁྲིལ་བ་ཅིན་ ཚོགས་པའི་འཐུས་མི་ཚུ་ འདེམས་ཁོངས་དང་ རྒེད་འོག་ཚུ་ནང་ཡོད་མི་དེ་ གོམས་འདྲིས་ལྟ་སྐོར་ནང་ཨིནམ་ད་ ཚོགས་པ་གིས་ ལྟ་སྐོར་ནང་འགྱོ་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ ལྷན་ཚོགས་ལུ་ ཡི་གུ་བཙུགས་མི་དང་འཁྲིལ་ ལྷན་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ གནང་བ་བྱིན་ཡི་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ ཀུན་གསལ་ལུ་ ཡིག་ཐོག་ལན་གསལ་གནང་མི་དང་འཁྲིལ་བ་ཅིན་ གོམས་འདྲིས་ལྟ་སྐོར་དེ་ སྲིད་དོན་ཚོགས་པའི་ལམ་ལུགས་དང་ སྒྲིག་གཞི་དང་བསྟུན་ཨིན་ཟེར་ཨིནམ་ད་ དེ་ཡང་ ལམ་ལུགས་དང་སྒྲིག་གཞི་གི་ རྩ་ཚན་༡༠.༧ པ་དང་འཁྲིལ་བ་ཅིན་ སྲིད་དོན་ཚོགས་པ་ གང་རུང་ཅིག་གིས་ བཙག་འཐུ་མེན་པའི་ དུས་ཚོད་ནང་ སྲིད་དོན་དང་འབྲེལ་བའི་ལས་སྣ་ མི་སེར་ཚུ་དང་འཕྱད་ནི་ ཡང་ཅིན་ ཞལ་འཛོམས་འཚོགས་ནི་ལ་སོགས་པ་ཚུ་ འབད་ཆོག་ཟེར་ཨིན་པས།

དེ་མ་ཚད་ སྲིད་དོན་དང་འབྲེལ་བའི་ ཞིབ་འཚོལ་འབད་ནི་དང་ མི་སེར་དང་གཅིག་ཁར་ སྲིད་དོན་ཚོགས་པའི་ འགོ་འདྲེན་པ་དང་ རྒྱབ་སྐྱོར་པ་ དེ་ལས་ ལས་བྱེདཔ་ཚུ་ འཕྱད་ཚུགས་ཟེར་ཨིན་པས།

དེ་འབདཝ་ད་ དེ་བཟུམ་མའི་ལས་རིམ་ འགོ་འདྲེན་མ་འཐབ་པའི་ཧེ་མར་ སྲིད་དོན་ཚོགས་པ་ཚུ་གིས་ རྫོང་ཁག་དང་ དྲུང་ཁག་ དེ་ལས་ ཁྲིམས་འབྲེལ་གྱི་ ལས་སྡེ་ཚུ་ལུ་ སྙན་ཞུ་འབད་དགོཔ་ཨིནམ་ད་ དེ་བསྒང་ ལས་རིམ་ཚུ་ ཁ་གསལ་སྦེ་འཁོད་དགོ་ནི་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ཚུ་གིས་ འདེམས་ཁོངས་དང་ རྒེད་འོག་ནང་ གོམས་འདྲིས་ལྟ་སྐོར་འབད་ཆོག་པའི་ གནང་བ་ཡི་གུ་དེ་ སྲིད་དོན་ཚོགས་པ་ གཞན་ཚུ་ལུ་ཡང་ འདྲ་བཤུས་བྱིན་ཡི་ཟེར་ བཙག་འཐུ་ལྷན་ཚོགས་ཀྱིས་ བཤདཔ་ཨིན་པས།

ད་ཚུན་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་ཚུ་གིས་ འདེམས་ཁོངས་༣༥ ནང་ ལྟ་སྐོར་འབད་ཡོདཔ་ད་ ཚོགས་པའི་གཙོ་འཛིན་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཚོགས་པའི་དོན་ལུ་ འདེམས་ངོ་༣༩ ཐོ་བཀོད་གྲུབ་ཅི་ཟེར་ཨིན་པས།

ཚོགས་པ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འདེམས་ངོ་༤༧ དགོ་ས་ལས་ ད་ལས་ཕར་ འདེམས་ངོ་༨ རྐྱངམ་གཅིག་དགོ་ནི་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ ཚོགས་པ་དང་གཅིག་ཁར་ མགར་ས་རྫོང་ཁག་ལས་འདེམས་ངོ་༡ ཐོ་བཀོད་འབད་ནུག།

འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་ཚུ་དང་གཅིག་ཁར་ ཕྱད་ཞིནམ་ལས་ མི་སེར་གྱི་ དཀའ་ངལ་དང་ རེ་བ་ཚུ་ ཧ་གོ་ནིའི་གོ་སྐབས་ ལེན་མི་དང་འབྲེལ་ ཚོགས་པའི་དམིགས་དོན་དང་ ལས་འཆར་ དེ་ལས་ ལྟ་བ་ལ་སོགས་པ་ཚུ་ བཤད་བྱིན་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *