འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ཚོགས་པ་ ཁྲིམས་སར་བསྐྱལ་ནི་གི་ཉེན་བརྡ།

༉ གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ བསྟར་སྤྱོད་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཨིན་མེན་ བལྟ་ནིའི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁྲིམས་དོན་མཁས་ཆོག་དང་ ཁྲིམས་རྩོདཔ་ཚུ་དང་ གྲོས་བསྟུན་འབད་བའི་བསྒང་ཡོད་མི་ལུ་ བལྟ་བ་ཅིན་ གཞུང་སྐྱོང་ཚོགས་པ་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཨིན་པའི་ བརྡ་མཚོན་སྟོནམ་ཨིན་པས།
རྩོད་རྙོགས་དེ་ཡང་ གཞུང་གིས་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༨ ཀྱི་ཧེ་མར་ དངུལ་འབྲེལ་མཐུན་རྐྱེན་ཐོག་ལས་ ཟ་ཁང་དང་ ཚོང་འབྲེལ་ཁང་སྦོམ་ཚུ་ལུ་ ཁྲལ་དགོངས་ཡངས་གནང་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ མངོན་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ལས་ རྒྱབ་འགལ་འགྱོ་བའི་ མཐོང་སྣང་བྱུང་མི་ལུ་བརྟེན་ཨིན་པས།
ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཁོ་ར་གིས་ འཛོལ་བ་ལུ་ ངོས་ལེན་ཐོག་ འགན་འཁྲི་འབག་སྟེ་ དགོངས་ཞུ་འབད་དགོཔ་དང་ ཡང་ཅིན་ ཁྲིམས་འདུན་ལུ་ ཁྲིམས་ཀྱི་བྱ་རིམ་དང་འཁྲིལ་ཏེ་ ཕྱག་ཞུ་དགོ་པའི་ ཨུ་ཚུགས་བསྐྱེདཔ་ཨིན་ཟེར་བཀོད་ནུག།
མ་གཞི་ འབྲུག་མཉམ་རུབ་ཚོགས་པ་དེ་གིས་ རྒྱལ་ཁ་ཐོབ་མི་ཐོབ་ཀྱི་སྐོར་ སླབ་མི་ཤེས་ནི་ཨིན་རུང་ དེ་བཟུམ་མའི་ རྒྱལ་ཡོངས་ཀྱི་ གནད་དོན་ཚུ་ མ་འོངས་པའི་དོན་ལུ་ ཧིང་སངས་ས་སྦེ་ སེལ་དགོཔ་དེ་ ཁག་ཆེ་ཟེར་བཀོད་དེ་འདུག།
གནས་ཚུལ་གསར་བཏོན་དེ་ཡང་ འཕྲལ་ཁམས་ཅིག་ཁར་ བློན་ཆེན་གྱིས་ བརྡ་བརྒྱུདཔ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བར་ནའི་ ཟླ་རིམ་ཞལ་འཛོམས་འཚོགས་པའི་སྐབས་དང་ འབྲུག་རྒྱང་བསྒྲགས་ཀྱི་ དངོས་མཐོང་ལས་རིམ་ཐོག་ལས་ གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་དེ་ སྤྱི་ཚོགས་དང་ གྲོས་བསྟུན་མ་འབད་བར་ ལག་ལེན་འཐབ་མི་དེ་ རྩ་ཁྲིམས་ལས་འགལ་བ་མེན་ཟེར་ གསལ་བཤད་གནང་མིའི་ལན་སྦེ་ བཏངམ་ཨིན་ཟེར་བཀོད་ནུག།
དེ་བསྒང་ བློན་ཆེན་གྱིས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཧེ་མའི་གནས་ཚུལ་གསར་བཏོན་དེ་ཡང་ ཁྲིམས་ཧ་མ་གོ་མི་ལུ་བརྟེན་ བཏང་ཡོདཔ་སྦེ་ གསུངས་ཡི་ཟེར་ཨིན་པས།
ཨིན་རུང་ ཚོགས་པ་དེ་གིས་ འབད་བ་ཅིན་ ད་རེས་ཀྱི་ གནས་ཚུལ་གསར་བཏོན་འབད་དགོ་མི་དེ་ གཙོ་བོ་ར་ དངུལ་འབྲེལ་མཐུན་རྐྱེན་གྱི་ གནད་དོན་ནང་ གཞུང་འགན་འཁྲི་ཅན་ བཟོ་ཐབས་ལུ་ཨིནམ་ད་ ཁྲིམས་ལུགས་དེ་ དྭངས་གསལ་ཅན་སྦེ་ཡོདཔ་ལས་ དོན་དག་སོ་སོ་སྦེ་ གོ་བ་ལེན་དགོཔ་མེདཔ་མ་ཚད་ བློན་ཆེན་དེ་ ཁྲིམས་ཀྱི་ལྟག་ལས་མེན་ཟེར་བཀོད་ནུག།
འབྲུག་མཉམ་རུབ་ཚོགས་པ་དེ་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་ཅིག་འབདཝ་ལས་ རྩ་ཁྲིམས་ཀྱིས་ འགན་ཁུར་གནང་མི་དང་འཁྲིལ་ ད་རེས་ འགན་ཁུར་འབགཔ་ཨིན་ཟེར་ བཀོད་པའི་ཁར་ མ་གཞི་ གནད་དོན་དེ་ལུ་བརྟེན་ ཚོགས་པ་ལུ་ སྲིད་དང་འབྲེལ་བའི་ འབྱེམ་ཡང་ ཕོག་སྲིད་ནི་ཨིན་རུང་ ཚོགས་པའི་འགན་ཁུར་ཅིག་འབདཝ་ལས་ གནད་དོན་དེ་ སྣང་མེད་སྦེ་ བཞག་ཐབས་མིན་འདུག་ཟེར་བཀོད་ནུག།
གནས་ཚུལ་གསར་བཏོན་ནང་ ཚོགས་པ་དེ་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཀྱི་ ཚོགས་རྒྱན་བརྒྱ་ཆ་༡༧ ཐོབ་མི་ཅིག་ཨིནམ་མ་ཚད་ སྲིད་ཚོགས་སྦོམ་ཤོས་༣ པ་འབད་ནི་དེ་གིས་ རྩ་ཁྲིམས་ཆེན་མོ་ ཉེན་སྐྱོབ་འབད་ནིའི་ འགན་ཁུར་དེ་ ཁོང་ལུ་ཕོག་སྟེ་ཡོད་ཟེར་བཀོད་ནུག།
དེ་བཟུམ་སྦེ་ བློན་ཆེན་གྱིས་ ཤེས་བཞིན་མཐོང་བཞིན་དུ་ རྩ་ཁྲིམས་ཀྱི་ དགོངས་དོན་ལས་ འགལ་བའི་ཤུལ་ལས་ སྒྲུབ་འབྱེད་དང་སྦྲགས་ཏེ་ མི་མང་ལུ་ གསལ་སྟོན་འབད་བའི་སྐབས་ ལོག་སྟེ་ར་ རྩ་ཁྲིམས་ཆེན་མོའི་ གལ་གནད་ཅན་གྱི་ དགོངས་དོན་ཚུ་ ཨེབ་བཞག་ཐོག་ལས་ མི་མང་ལུ་ གོ་བ་བརྡ་ལོག་སྤེལ་ཡི་ཟེར་བཀོད་ནུག།
དེ་གི་ནང་དོན་ཉིད་ལས་ཡང་ བློན་ཆེན་གྱིས་ དབང་ཚད་གུ་བཀལ་ཏེ་ དྲང་ཁྲིམས་ལྷན་སྡེ་འོག་གི་ མངོན་མཐོ་ཁྲིམས་འདུན་གྱི་འཁྲུན་ཆོད་ གོ་བ་བརྡ་ལོག་སྤྲོད་མི་དེ་ ཉེན་ཁ་ཅན་ཅིག་ཨིན་ཟེར་ གསལ་བཀོད་འབད་ནུག།
ད་རུང་ བློན་ཆེན་གྱིས་ འབྲུག་མཉམ་རུབ་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་ དེ་ལས་ རྒྱལ་ཡོངས་ཚོགས་སྡེ་ཚུ་གི་ ཐུགས་འཆར་ལུ་ ཆ་གནས་མེད་པའི་ ལོ་རྒྱུས་གསུངས་མི་དེ་ལུ་བལྟ་སྟེ་ ཚོགས་པ་ལུ་ བློ་ཕམ་དགོཔ་ཡང་ བྱུང་ཡི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ གནད་དོན་དེ་ ཆུང་ཀུ་མེནམ་ལས་ བློན་ཆེན་དང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གཉིས་ལུ་ འགན་འཁྲི་བཀལ་དགོཔ་ཡོད་ཟེར་བའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *