འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱིས་ བང་ལ་དེཤ་གི་ དངུལ་ཁང་ཚུ་དང་གཅིག་ཁར་ གསུང་གྲོས་གནང་ནི།

༉ འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ ངོ་ཚབ་ཚུ་གིས་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་སྦེ་ བང་ལ་དེཤ་གི་ དངུལ་འབྲེལ་གཙུག་སྡེ་༢༠ དེ་ཅིག་གི་ ངོ་ཚབ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ འཚོགས་ནིའི་དོན་ལུ་ འབྲུག་གི་འཐུས་མི་ཚུ་ ད་རིས་ འགྱོ་ནི་ཨིན་པས།
ཞལ་འཛོམས་དེ་ འབྲུག་དང་ བང་ལ་དེཤ་གི་བར་ན་ ཚོང་དང་འབྲེལ་བའི་ དངུལ་འབྲེལ་ལས་སྣ་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ཨིན་པས།
འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ ཕྱིར་ཚོང་འཐབ་མི་ཚུ་ལུ་ བང་ལ་དེཤ་ལུ་ ཅ་ལ་ལྷོད་པའི་ཤུལ་ལས་ དུས་ཚོད་ཁར་ རིན་མ་ཐོབ་པའི་དཀའ་ངལ་བྱུང་མི་དེ་ གདོང་ལེན་འབད་དགོཔ་ཡོད་ཟེར་ཨིནམ་ད་ ད་རེས་ བང་ལ་དེཤ་གི་ དངུལ་འབྲེལ་གཙུག་སྡེ་༢༠ དེ་ཅིག་གིས་ རྒྱལ་ཁབ་ཀྱི་ དངུལ་ཁང་ཚུ་དང་གཅིག་ཁར་ དངུལ་འབྲེལ་གྱི་ ཞབས་ཏོག་ལེན་དོ་ཡོདཔ་ཨིན་པས།
ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ཞལ་འཛོམས་དེ་ བང་ལ་དེཤ་ལུ་ཡོད་པའི་ འབྲུག་གི་གཞུང་ཚབ་ཡིག་ཚང་དང་ བསྟན་རྒྱས་ལྷན་ཁག་གི་ ཚོང་འབྲེལ་ལས་ཁུངས་ཀྱིས་ འགོ་འདྲེན་དང་ རྒྱབ་སྐྱོར་ཐོག་ལས་ཨིནམ་ལས་ གྲུབ་འབྲས་ལེགས་ཤོམ་ འབྱུང་ཚུགས་པའི་རེ་བ་ ཡོད་ཟེར་ཨིན་པས།
ད་རེས་འབདཝ་ད་ ཕྱིར་ཚོང་འཐབ་མི་དང་ བང་ལ་དེཤ་ལུ་ཡོད་པའི་ དངུལ་འབྲེལ་གཙུག་སྡེ་ཚུ་གི་བར་ན་ དེ་བཟུམ་གྱི་ ཞལ་འཛོམས་འཚོགས་མི་དེ་ ཐེངས་༢ པ་ཨིནམ་ད་ ཞལ་འཛོམས་དེ་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ ཟླཝ་༡༠ པའི་ནང་ འབྲུག་དང་ བང་ལ་དེཤ་གི་ དངུལ་འབྲེལ་གཙུག་སྡེ་ཚུ་གི་བར་ན་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་མིའི་ འཐུས་མི་ལ་ལོ་ཅིག་ རྒྱལ་ཁབ་༢ ཀྱི་ དངུལ་འབྲེལ་ལྟེ་བའི་ འགོ་དཔོན་ཚུ་ཡོདཔ་མ་ཚད་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་ཡང་ཡོདཔ་ཨིན་པས།
ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ འཐུས་མི་ཚུ་གི་བར་ན་ ཕྱད་པའི་ཤུལ་ལས་ ཚར་གཅིག་ཡང་ འཛོམས་མ་ཚུགས་པས་ཟེར་ཨིནམ་ད་ དེ་བསྒང་འཚོགས་མི་ ཞལ་འཛོམས་ནང་ དེ་བསྒང་གི་ དཀའ་ངལ་རྐྱངམ་གཅིག་ གདོང་ལེན་འབད་ཚུགས་ནི་དེ་གིས་ ད་རེས་ཀྱི་ཞལ་འཛོམས་དེ་ ཁག་ཆེ་ཤོས་ཅིག་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ལས་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་མི་ཚུ་གི་གྲས་ལས་ མཐོ་ཤོས་ས་གཏེར་གྱི་རིགས་ཚུ་ཨིནམ་ད་ སྤྱི་ལོ་༢༠༡༦ ལུ་ ས་གཏེར་གྱི་རིགས་ མེ་ཊིག་ཊཱོན་ས་ཡ་༠.༤༢༣ བཙོང་མི་ལས་ འོང་འབབ་ཡུ་ཨེསི་ཌོ་ལར་ས་ཡ་༡༠.༥༨༧ ཐོབ་ནུག།
འོང་འབབ་ཐོབ་མི་དེ་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ ཡུ་ཨེསི་ཌོ་ལར་ས་ཡ་༠.༣༤༢ ཡར་སེང་སོང་ཡོདཔ་ད་ རྒྱལ་ཁབ་ནང་ལས་ ས་གཏེར་དང་ རྡོ་གཏེར་གྱི་རིགས་༦ དེ་ཅིག་ ཕྱིར་ཚོང་འཐབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *