འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་གངམ་མེད་རུང་ རྒྱབ་སྐྱོར་པའི་གཞི་འགྱམ་ལུ་ བསྒྱུར་བཅོས་མེདཔ།

༉ འཐུས་མི་ཚུ་གི་ ཐད་ལས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་དེ་ སྲིད་ཚོགས་ཆུང་ཤོས་ཅིག་ཨིནམ་མ་ཚད་ འཐུས་མི་ལེ་ཤ་ཅིག་ར་ དགོངས་ཞུ་འབད་དོ་ཡོདཔ་ཨིན་རུང་ ད་ལྟོ་ རྫོང་ཁག་ཚུ་ནང་ཡོད་པའི་ སྲིད་ཚོགས་ཀྱི་ རྒྱབ་སྐྱོར་གཞི་འགྱམ་ཚུ་ སྔར་ག་ཨིནམ་སྦེ་ར་ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ སྲིད་ཚོགས་དེ་ ཡིག་ཐོག་ནང་རྐྱངམ་གཅིག་ ཆུང་ཤོས་སྦེ་ མཐོང་མི་དེ་ཡང་ སྤྱི་ལོ་༢༠༡༣ ལུ་ འཐུས་མི་༧༩༩ ཡོད་མི་ལས་ ད་རེས་༨༠ ལུ་ མར་བབས་སོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཨིན་རུང་ རྒྱབ་སྐྱོར་པའི་ གྱངས་ཁ་ལས་བཅད་པ་ཅིན་ སྲིད་ཚོགས་དེ་ སྦོམ་ཤོས་ཅིག་ཨིན་ཟེར་ དྲུང་ཆེན་གྱིས་ བཤད་པའི་ཁར་ སྤྱི་ལོ་༢༠༡༨ ལུ་ སྤྱིར་བཏང་བཙག་འཐུའི་ནང་ ལྷོད་ཚུགས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་ཀྱིས་ མཐའ་མཇུག་རྒྱལ་ཁ་འཐོབ་ནི་དེ་ ཚོགས་རྒྱན་གྱི་ གྱངས་ཁ་དང་འཁྲིལ་ འགྱོ་ནི་མ་གཏོགས་ འཐུས་མིའི་གྱངས་ཁ་དང་ འཁྲིལ་དགོཔ་མེད་ཟེར་ཨིནམ་ད་ ད་རེས་ ཐོ་བཀོད་ཅན་གྱི་ འཐུས་མིའི་གྱངས་ཁ་ ཉུང་སུ་ཅིག་ལས་ མེད་མི་དེ་ཡང་ གཙོ་བོ་ར་ སྤྱི་ལོ་༢༠༡༣ ལས་ འཐུས་མིའི་གྱངས་ཁ་ལུ་ ཤུགས་མ་བཏོན་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
སྲིད་ཚོགས་དེ་གིས་ སྤྱི་ལོ་༢༠༡༣ གྱི་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་བརྒྱ་ཆ་༤༤.༥༢ ཐོབ་ཡོདཔ་ད་ སྤྱིར་བཏང་བཙག་འཐུ་སྐབས་ ཧེང་སྐལ་ར་ བརྒྱ་ཆ་༤༥ གུ་ ཡར་སེང་སོང་ཡི་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ སྲིད་ཚོགས་ཀྱི་ རྒྱབ་སྐྱོར་གཞི་འགྱམ་ ད་ལྟོ་ག་ཨིནམ་སྦེ་ར་ སྡོད་པ་ཅིན་དང་ ཡང་ཅིན་ དུམ་གྲ་ཅིག་ མར་འབབ་སོང་རུང་ འགོ་ཐོག་བཙག་འཐུ་ལས་ རྒྱལ་ཁ་ཐོབ་སྟེ་ གཞུང་སྐྱོང་དང་ ལྡོག་ཕྱོགས་གི་རུང་ཅིག་ནང་ གོ་སྐབས་འཐོབ་འོང་ཟེར་ཨིན་པས།
ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ ད་རེས་ཀྱི་བར་ན་ཡང་ སེམས་མ་འགྱུར་བར་ཡོད་ཟེར་ཨིན་པས།
ལྟ་རྟོག་པ་ཚུ་གིས་ བཤད་མིའི་ནང་ ད་རེས་ གསརཔ་ཐོན་མི་ སྲིད་ཚོགས་ཚུ་ལུ་བརྟེན་ ཧེ་མ་ལས་ཡོད་པའི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་༢ ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ སྲིད་ཚོགས་གསརཔ་ཚུ་གིས་ ད་ལྟོ་ སེམས་ཐག་བཅད་མ་ཚུགསཔ་མ་ཚད་ རང་དབང་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་ བགོ་བཤའ་རྐྱབ་གཏང་ནི་དང་ ཧེ་མ་ལས་ སྲིད་ཚོགས་རྙིངམ་གཉིས་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ རྩ་ལས་ར་ དཀྲོགས་མི་ཚུགས་ཟེར་ཨིན་པས།
ཨིན་རུང་ བྱང་ཐིམ་ཕུག་གི་ འདེམས་ཁོངས་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་ཡོད་མི་ འདེམས་ཁོངས་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་གིས་ རྒྱལ་ཁ་ཐོབ་མི་ལུ་ འབྲུག་ཕུན་སུམ་ཚོགས་པ་ ཚ་གྱང་ལངམ་ཨིན་པས།
དེ་འབདཝ་ད་ སྤྱི་ལོ་༢༠༡༣ ལུ་ པདྨ་དགའ་ཚལ་ན་ནོང་-ཤུ་མར་འདེམས་ཁོངས་ནང་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ ཁོང་རའི་འདེམས་ངོ་དེ་ར་ བཙག་འཐུ་གྲུབ་ཚུགས་ཡོདཔ་ཨིན་པས།
ཨོ་རྒྱན་རྡོ་རྗེ་གིས་ བཤད་མིའི་ནང་ སྲིད་ཚོགས་གསརཔ་ཚུ་གིས་ རང་སོའི་སྲིད་ཚོགས་ཚུ་ དར་ཁྱབ་གཏང་ནིའི་དོན་ལུ་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ གསལ་བཀོད་འབད་བའི་ ཐབས་ལམ་ཚུ་ བཏོན་ནི་ཨིན་རུང་ དེ་ལུ་ཡང་ ཚ་གྱང་ལང་དགོཔ་མེད་ཟེར་ཨིནམ་ད་ ད་ལྟོ་ སྲིད་ཚོགས་དེ་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ སྲིད་ཚོགས་རྩ་བརྟན་བཟོ་ནིའི་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
སྲིད་ཚོགས་ནང་ ཧེ་མ་ལས་ར་ ཉམས་མྱོང་ཅན་གྱི་ འདེམས་ངོ་ཚུ་ ལེ་ཤ་ཅིག་ར་ཡོདཔ་ལས་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་འཚོལ་ནི་ལུ་ཡང་ དོ་འགྲན་ཅིག་ མི་མཐོང་པས་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ ལོ་གྲངས་ཚང་སྟེ་ ལོག་བཙག་འཐུ་ནང་ དོ་འགྲན་འབད་མ་ཚུགས་མི་ འཐུས་མི་ཚུ་གི་དོན་ལུ་ འོས་འབབ་ཅན་གྱི་ འདོམས་ངོ་ཚབ་འཚོལ་ནི་དེ་ ཁོང་གིས་ སེམས་ཁར་བཀལ་ཏེ་ར་ ཡོད་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་མིའི་ནང་ ད་རེས་ སྲིད་ཚོགས་ཀྱི་ འཐུས་ཤོར་དེ་ར་ རྒྱབ་སྐྱོར་པ་ཚུ་དང་ འབྲེལ་བ་འཕྲོ་མཐུད་དེ་ བཞག་མ་ཚུགས་མི་དེ་ཨིནམ་ལས་ བསྐྱར་གསོ་འབད་དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་ལུ་ གནས་ཚད་དང་ལྡན་པའི་ ལྡོག་ཕྱོགས་ཀྱི་ཞབས་ཏོག་ ཞུ་དགོཔ་ད་ སྲིད་ཚོགས་ཀྱི་གནས་སྟངས་ བལྟ་དགོཔ་འབདཝ་ད་ འགན་ཁག་༢ ཕོག་སྟེ་ཡོད་མི་དེ་ སྲིད་ཚོགས་གཞན་ཚུ་དང་ མ་འདྲཝ་ཅིག་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ འགོ་ཐོག་བཙག་འཐུ་ཚུ་གི་སྐབས་ ཚོགས་རྒྱན་བརྒྱ་ཆ་༣༢ དང་ སྤྱིར་བཏང་བཙག་འཐུའི་སྐབས་ བརྒྱ་ཆ་༥༤ ཐོབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *