གཡོན་ཁ་ཐུག་ལས་- བཀྲིས་དང་ པདྨ་བཀྲིས་ མིག་དམར་རྡོ་རྗེ།

འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་༤ གསལ་བསྒྲགས་འབད་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ པདྨ་དགའ་ཚལ་ མཁར་གཡུ་རུང་འདེམས་ཁོངས་དང་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་ དར་དཀར་ནང་ འབྲུག་རྗེ་སྒང་རྩེ་ཟ་བརྩིས་ཏེ་ འདེམས་ཁོངས་༤ གི་འདེམས་ངོ་ཚུ་ ངོ་སྤྲོད་འབད་ནུག།
ཚོགས་པའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱི་ མི་རློབས་དང་འཁྲིལ་ཏེ་ ཉམས་མྱོང་ཡོད་མི་དང་ ན་གཞོན་༢ ཆ་ར་ འདེམས་ངོ་སྦེ་ ངོ་སྤྲོད་འབད་དོ་ཟེར་ཨིནམ་ད་ ཚོགས་པའི་འདེམས་ངོ་ཚུ་ ངོ་སྤྲོད་འབདཝ་དང་འབྲེལ་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ད་རུང་ འདེམས་ཁོངས་༤ གི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་དགོཔ་ཡོད་ཟེར་ཨིན་པས།
དབུ་འཛིན་བགྲེསཔ་ ཚེ་རིང་ཆོས་སྒྲོན་གྱིས་ མཁར་གཡུ་རུང་གི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་མི་དེ་ཡང་ ད་ལྟོའི་འཐུས་མི་ བཟང་ལེགས་འབྲུག་པ་དེ་ ལོ་གྲངས་ཚང་སོ་མི་ལུ་བརྟེན་ཨིནམ་ད་ སྐྱེས་ལོ་༤༦ ལང་མི་ འདེམས་ངོ་དེ་ལུ་ ཤེས་རིག་ལས་སྡེ་ནང་ ལོ་ངོ་༡༩ གི་ ཉམས་མྱོང་ཡོད་པའི་ཁར་ སྒེར་གྱི་ལཱ་ནང་ ལོ་༣ དེ་ཅིག་གི་ ཉམས་མྱོང་ཡོདཔ་ཨིན་པས།
མོ་ལུ་ ཤེས་རིག་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་བཞིན་དུ་ དབུ་འཛིན་སྦེ་ ལོ་༡༣ དེ་ཅིག་ ཕྱག་ཞུ་ཡོད་པའི་ཁར་ ལོ་༦ དེ་ཅིག་ སློབ་དཔོན་འབད་ཡོདཔ་ཨིན་པས།
ད་ལྟོ་ ཚེ་རིང་ཆོས་སྒྲོན་མོ་ར་ ཚོང་འབྲེལ་གྱི་ ལཱ་འབད་དོ་ཡོདཔ་ད་ མོ་གིས་ གཞུང་དང་སྒེར་སྡེ་ནང་ ལཱ་འབད་མི་ལུ་བརྟེན་ ད་ལྟོ་ཡོད་པའི་ ཤེས་རིག་གནས་སྟངས་དང་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ ལེགས་བསྒྱུར་སྦོམ་སྦེ་ར་ འབག་ཚུགས་ཟེར་ ཚོགས་པའི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དགེ་ལེགས་ཕུག་ གསེར་གཞོང་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ པདྨ་བཀྲིས་ཀྱིས་ དགེ་ལེགས་ཕུག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ལས་ ཨང་༢ པ་ཐོན་ཡོདཔ་ཨིན་པས།
ཁོ་ལུ་ རྒྱ་གར་ ཇོ་གིཤ་ཅཱན་ད་ར་ ཅའུ་ད་རི་མཐོ་རིམ་སློབ་གྲྭ་ལས་ ཁྲིམས་དོན་ནང་ མཐོ་རིམ་ཤེས་ཚད་ཡོདཔ་བཞིན་དུ་ རྒྱལ་འཛིན་འཛིན་སྐྱོང་ནང་ ཁྲིམས་དོན་ནང་ ཌིབ་ལོ་མའི་ སྦྱོང་བརྡར་འབད་ནུག།

མཁར་གཡུ་རུང་གི་འདེམས་ངོ་ ཚེ་རིང་ཆོས་སྒྲོན།

པདྨ་བཀྲིས་ལུ་ ལཱ་གི་གནས་སྟངས་ལེ་ཤ་ཅིག་ནང་ལཱ་འབད་བའི་ ལོ་༡༠ གྱི་ ཉམས་མྱོང་ཡོདཔ་ད་ ད་རེས་ཁོ་ལུ་ ཁྲིམས་དོན་གྱི་ ཤེས་ཚད་ཡོདཔ་ལས་ རྩ་བ་གསུམ་ལུ་ ཕྱག་ཕྱིད་ཞུ་ནི་ལུ་ སྒྲིང་སྒྲི་བཟོ་ཚུགས་ཟེར་ ཚོགས་པའི་གནས་ཚུལ་གསར་བཏོན་ནང་བཀོད་ནུག།
འབྲུག་ཕུན་སུམ་ཚོགས་པའི་ ཕུན་ཚོགས་གླིང་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ སྐྱེས་ལོ་༣༠ ལང་མི་ བཀྲིས་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༡ ལུ་ རྒྱ་གར་ ལྷོ་བེང་གཱལ་མཐོ་རིམ་སློབ་གྲྭ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ ཁོ་རའི་གཡུས་ཁ་ལུ་ ཤེས་ཡོན་ཅན་གྱི་ སོ་ནམ་པ་སྦེ་ ལཱ་འབད་སྡོད་ནུག།
གནས་ཚུལ་གསར་བཏོན་ནང་ བཀོད་མིའི་ནང་ ད་རེས་ འདེམས་ངོ་སྦེ་ བཅའ་མར་གཏོགས་མི་དེ་ཡང་ ཁོ་རའི་གཡུས་ཚན་གྱི་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དར་དཀར་ནང་ ལ་རྒྱབ་ལས་ སྐྱེས་ལོ་༢༨ ལང་མི་ མིག་དམར་རྡོ་རྗེ་གིས་ འབྲུག་རྗེ་སྒང་རྩེ་ཟ་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༤ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ སྒེར་སྡེ་ཅིག་ནང་ གློག་རིག་བཟོ་རིག་འགོ་དཔོན་སྦེ་ ལཱ་འབད་ཡོདཔ་ཨིན་པས།
མིག་དམར་རྡོ་རྗེ་གིས་ སྤྱི་ལོ་༢༠༡༦ ལུ་ ས་གནས་གཞུང་གི་རྒཔོ་ བཙག་འཐུ་ནང་ཡང་ བཅའ་མར་གཏོགས་ཡོདཔ་ད་ ཁོ་གིས་ རྒྱ་གར་ བ་རིན་ད་བཱན་གློག་རིག་གི་ བཟོ་རིག་མཐོ་རིམ་སློབ་གྲྭ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག།
ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མིག་དམར་རྡོ་རྗེ་ཁོ་ར་ ན་གཞོན་ཅིག་འབདཝ་ལས་ མི་མང་དང་གཅིག་ཁར་ ལཱ་འབད་ནི་ལུ་ དང་འདོད་ཡོད་མི་ལུ་བརྟེན་ འདེམས་ངོ་སྦེ་ བཅའ་མར་གཏོགསཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *