འདེམས་ངོ་གསརཔ་ཚུ།

འབྲུག་ཕུན་སུམ་ཚོགས་པ་གིས་ བཀྲིས་སྒང་དང་ ཐིམ་ཕུག་གི་ འདེམས་ངོ་༤ ངོ་སྤྲོད།

༉ ཁ་ཙ་ ཐིམ་ཕུག་ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཡིག་ཚང་ནང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ ངོ་འཛོམས་ཐོག་ལས་ འདེམས་༤ ངོ་སྤྲོད་འབད་ཡོད་མིའི་གྲས་ལས་༢ ཌོག་ཊར་ཨིན་པས།
དེ་ཡང་ འདེམས་ངོ་༤ གི་གྲས་ལས་༣ བཀྲིས་སྒང་ལས་ཨིན་མི་དེ་ཡང་ ཌོག་ཊར་བསམ་གྲུབ་ཨར་དབང་ཕྱུག་གིས་ བཀང་ལུང་-ཨུ་མཛོ་རོང་-བསམ་མཁར་ལས་ དོ་འགྲན་འབད་ནི་ཨིནམ་ད་ བཅོ་ལྔ་ཚེ་རིང་གིས་ ཁྲིམས་ཤིང་-རྐང་པར་འདེམས་ཁོངས་དང་ བཀྲིས་རྡོ་རྗེ་གིས་ ར་ལྡི་-སག་སྟེང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༤༠ ལང་མི་ ཀུན་ལེགས་ཚེ་རིང་གིས་ ལྷོ་ཐིམ་ཕུག་འདེམས་ཁོངས་ལས་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ ཡེ་ཤེས་སྦྱིན་པ་གི་ཚབ་ལུ་ དོ་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༣༥ ལང་མི་ ཌོག་ཊར་བསམ་གྲུབ་ཨར་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་རའི་འདེམས་ཁོངས་དང་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་ལེ་ཤ་ཡོད་མི་ལུ་བརྟེན་ ཚོགས་པའི་ནང་ འཛུལ་ཞུགས་འབད་ནི་ལུ་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སོའི་མཁས་མཆོག་སྦེ་ ཕྱག་ཞུ་ནུག།
སྐྱེས་ལོ་༤༥ ལང་མི་ ཌོག་ཊར་བཅོ་ལྔ་ཚེ་རིང་གིས་ བུམ་ཐང་ལུ་ རྒྱལ་ཡོངས་ས་ཁ་མཐོ་ས་དང་ ཞིབ་འཚོལ་གོང་འཕེལ་ལྟེ་བའི་ནང་ ལས་རིམ་མདོ་ཆེན་སྦེ་དང་ སྤ་རོ་ལུ་ སྒོ་ནོར་འགོ་དཔོན་ཡང་ཕྱག་ཞུ་ནུག།
ཁོ་ལུ་ སྒོ་ནོར་ཊོག་ཊར་གྱི་ ཤེས་ཚད་དང་ ཇ་པཱན་ལས་ སྒོ་ནོར་སྨན་བཅོས་ནང་ དགེ་བཤེས་ཀྱི་ ཤེས་ཚད་ཡང་ ཡོདཔ་ཨིན་པས།
བཅོ་ལྔ་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ མི་ཚུ་གིས་ ཚོགས་པ་ལུ་ ཁ་བཏང་རུང་ འདྲ་མཉམ་དང་ དྲང་བདེན་གྱི་ ལྟ་བ་ལུ་བརྟེན་ སེམས་ཤུགས་ཐོབ་མི་གིས་ མི་སེར་ཚུ་གི་ གནད་དོན་ཚུ་ ཧ་གོ་ནི་ལུ་ གོ་སྐབས་འཐོབ་ནི་མས་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་གི་ ལས་བྱེདཔ་བགྲེསཔ་ སྐྱེས་ལོ་༣༢ ལང་མི་ བཀྲིས་རྡོ་རྗེ་ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ལས་ ཚོང་རིག་གི་ ཤེས་ཚད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མ་གཞི་ ཁོ་ར་ ན་གཞོན་ཅིག་ཨིན་རུང་ འདེམས་ངོ་རྒན་ཤོས་ཚུ་གི་ ལམ་སྟོན་ཐོག་ལས་ ཚོགས་པ་སྒྲིང་སྒྲི་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ ཀུན་ལེགས་ཚེ་རིང་གིས་ འབྲུག་པཱན་ཇབ་དངུལ་ཁང་ནང་ འཛིན་སྐྱོང་འགོ་དཔོན་སྦེ་ ལཱ་འབད་བའི་ཤུལ་ལས་ དགོངས་ཞུ་འབད་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་དེ་ རྒྱལ་ཁབ་ནང་ ཕྱག་ཞུ་ནི་ལུ་ གོ་སྐབས་བཟུམ་ཅིག་ ངོས་ལེན་འབད་འོང་ཟེར་ཨིནམ་ད་ ཁོ་ལུ་ རྒྱ་གར་ལས་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་འདུག།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ འདེམས་ངོ་ཚུ་ ངོ་སྤྲོད་འབད་བའི་སྐབས་ མི་ལེ་ཤ་ འཛོམས་མི་ལུ་ བལྟ་བ་ཅིན་ ཚོགས་པ་སྒྲིང་སྒྲི་དང་ རྒྱབ་སྐྱོར་ལེ་ཤ་ཡོད་པའི་ རྟགས་མཚན་ཅིག་ སྟོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྡོག་ཕྱོགས་ཚོགས་པ་སྦེ་ ཕྱག་ཞུ་བའི་སྐབས་ རྒྱལ་ཁབ་རང་དབང་སྲུང་སྐྱོབ་ སྒྲིང་སྒྲི་བཟོ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་བཞིན་དུ་ ཚོགས་པ་གིས་ འཕྲོ་མཐུད་དེ་ར་ སྲིད་བྱུས་དེ་ལུ་ ལཱ་རྩ་འགེངས་ཏེ་ ཕྱག་ཞུ་ནི་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *