འབྲུག་ཕུན་སུམ་ཚོགས་པ་གིས་ བར་མཚམས་གཤོང་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ ངོ་སྤྲོད་འབད་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པ་གི་ འཐུས་མི་རྙིང་ཤོས་ཅིག་ཨིན་མི་ བཀྲིས་སྒང་ བར་མཚམས་གཤོང་ཕུག་འདེམས་ཁོངས་ཀྱི་ དབང་འདུས་ནོར་བུ་གིས་ ལོག་བཙག་འཐུ་ནང་ དོ་འགྲན་མི་འབད་ནི་ཨིནམ་ལས་ ཁོ་གི་ཚབ་སྦེ་ བརྡ་བརྒྱུད་ནང་ ཉམས་མྱོང་ཡོད་མི་ སྐྱེས་ལོ་༣༨ ལང་མི་ པ་སངས་རྡོ་རྗེ་གིས་ དོ་འགྲན་འབད་ནི་ཨིན་པས།
དེ་ཡང་ ཁ་ཙ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ འདེམས་ངོའི་ ངོ་སྤྲོད་འབད་ཡོདཔ་ད་ འདེམས་ངོ་ཁོ་ར་ ད་ལྟོ་ ཧོང་ཀོང་ལུ་ སི་ཊི་གཙུག་ལག་སློབ་སྡེ་ནང་ རྒྱལ་སྤྱི་མཐུན་འབྲེལ་གྱི་ པི་ཨེཆི་ཌི་ ཌོག་ཊར་གྱི་ ལོ་ངོ་མཇུག་ནང་ དཔེ་ཆ་ལྷབ་པའི་བསྒང་ཡོདཔ་ཨིན་པས།
ཁོ་གིས་ སློབ་སྦྱོང་དེ་ནང་ འབྲུག་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་མཐུན་ལམ་གྱི་སྐོར་ལས་ ཞིབ་འཚོལ་འབད་དོ་ཡོདཔ་ད་ ཁོ་ལུ་ ཨཱསི་ཊེ་ལི་ཡ་ ཀེམ་བི་རེཇི་གཙུག་ལག་སློབ་སྡེ་ལས་ དཔལ་འབྱོར་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོད་པའི་ཁར་ མཐོ་རིམ་ཤེས་ཚད་དེ་ ཁོ་གིས་ བཀང་ལུང་ཤེས་རབ་རྩེ་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།
པ་སངས་རྡོ་རྗེ་གིས་ འགོ་དང་པ་ར་ ལས་གཡོག་ལྷན་ཁག་ནང་ ལས་མི་འགོ་དཔོན་སྦེ་ ལཱ་འབད་ཡོདཔ་ད་ དེ་ནང་ལས་ དགོངས་ཞུ་འབད་དེ་ བརྡ་བརྒྱུད་ནང་ལཱ་འབད་ཡོདཔ་མ་ཚད་ གྲོས་སྟོན་པ་སྦེ་ཡང་ ལཱ་འབད་ནུག།
གྲོས་སྟོན་པ་འབད་བའི་སྐབས་ ཁོ་གིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་དང་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེ་གི་ ལོ་ལྔའི་ཐབས་བྱུས་འཆར་གཞི་ཚུ་ཡང་བཟོ་བའི་ ཉམས་མྱོང་ཡོདཔ་ཨིན་པས།
ཁོ་གིས་ ད་རེས་འགོ་དང་པ་ དོ་འགྲན་འབད་ནི་ཨིན་རུང་ ཁོ་ལུ་ ཧེ་མ་ལས་ ལཱ་འབད་བའི་ཁར་ སྲིད་ཀྱི་ཉམས་མྱོང་ཚུ་ཡོདཔ་ཨིན་པས།
ཁོ་གིས་ ངོ་སྤྲོད་འབད་བའི་སྐབས་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་རེ་བ་ཡོད་ཟེར་ བཤད་པའི་ཁར་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ ད་ལྟོའི་འཐུས་མི་ དབང་འདུས་ནོར་བུ་ལུ་ ལྕོགས་གྲུབ་ཡོད་པའི་ཁར་ མི་སེར་ལས་ རྒྱབ་སྐྱོར་ཚུ་ཡོད་དེ་འབད་རུང་ ཁོ་ལུ་ འཕྲོད་བསྟེན་གྱི་དཀའ་ངལ་ཡོདཔ་ལས་ ལོག་དོ་འགྲན་མི་འབད་ནིའི་ ཐག་བཅད་ནུག་ཟེར་བཤད་ཅི།
ཁོ་གིས་བཤད་མིའི་ནང་ ཚོགས་པ་ནང་ འཛུལ་ཞུགས་འབད་ནིའི་ རེ་བ་ཡོད་མི་ ལ་ལོ་ཅིག་གིས་ བཙག་འཐུ་འགྲུབ་པ་ཅིན་ ཁོང་ལུ་ རེ་འདོད་ཡོད་མི་ཚུ་ཡོད་རུང་ པ་སངས་ཀྱི་ཐད་ཁར་ལྷོདཔ་ད་ ཁོ་ལུ་རེ་འདོད་ག་ནི་ཡང་ མིན་འདུག་ཟེར་བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སླབ་མིའི་ནང་ སྲིད་དོན་ནང་ འཛུལ་འདོད་ཡོད་པ་ཅིན་ རང་གི་དོན་ལུ་ ཁེ་ཕན་མ་བལྟ་བར་ ལཱ་འབད་ནིའི་མནོ་བསམ་ཡོད་མི་ཚུ་ དགོ་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ སྤ་རོ་ལམ་གོང་ཝང་ལྕང་གི་འཐུས་མི་ མཁའ་འགྲོ་དབང་ཕྱུག་གིས་ བཤད་མིའི་ནང་ འཐུས་མི་དབང་འདུས་ནོར་བུ་གིས་ ལོག་དོ་འགྲན་མ་འབད་རུང་ ཚོགས་པ་ནང་ ལོ་ཚད་ཀྱི་ཐོག་ལས་ དབྱེ་དཔྱད་འབད་བ་ཅིན་ ལོ་ན་རྒས་མི་དང་བར་ན་སྐོརམ་ དེ་ལས་ ལོ་ན་ཆུང་ཀུ་འབད་མི་ཚུ་ཡང་ཡོདཔ་ལས་ ཡུན་བརྟན་གྱི་དོན་ལུ་ རྟགས་མཚན་ལེགས་ཤོམ་ཨིནམ་ལས་ གཞོནམ་ཚུ་ལུ་ཡང་ གོ་སྐབས་བྱིན་དགོ་ཟེར་ཨིན་པས།
འདེམས་ངོའི་ ངོ་སྤྲོད་འབདཝ་དང་འབྲེལ་ ཚོགས་པའི་འདེམས་ངོ་ཚུ་གིས་ རང་སོའི་འདེམས་ཁོངས་ཚུ་ནང་ ལྟ་སྐོར་འབད་ཡོད་མི་ཚུའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ད་ འདེམས་ངོ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པ་ལུ་ རྒྱབ་སྐྱོར་ལེགས་ཤོམ་འདུག་ཟེར་བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་མིའི་ནང་ ད་ལྟོ་ དུས་ཚོད་ཡོདཔ་ལས་ འདེམས་ངོ་ཚུ་ ཚབ་ཚབ་རིལ་རི་སྦེ་ ངོ་སྤྲོད་འབད་དགོཔ་མེད་པའི་ཁར་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་ ལ་ལོ་ཅིག་ བཙག་འཐུ་མ་འགྲུབ་པ་ཅིན་ དེ་ཚུ་ལུ་ཡང་ གོ་སྐབས་བྱིན་ནིའི་ འཆར་གཞི་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *