འབྲུག་པི་རེ་མི་ཡར་ལིག་ཕུཊ༌བཱོལ་རྩེད་འགྲན་ནང་ འཐབ་འཛིང་དང་ ཟིང་འཁྲུག་ལང་ཡོདཔ།

༉ ཉིནམ་༤ གི་ཧེ་མར་ འབྲུག་ཕུཊ༌བཱོལ་ཚོགས་སྡེ་གིས་ སྤ་རོ་རིན་སྤུངས་ཨེཕ་སི་གི་ རྩེད་འགྲན་པ་༢ པ་དང་ འཛིན་སྐྱོང་པ་ལུ་ སྒྲིག་ཆད་དང་ལེན་འབད་བའི་ཤུལ་ ད་རུང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཐིམ་ཕུག་སི་ཊི་དང་ འབྲུག་ལྷ་ཡུལ་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ འཐབ་འཛིང་བྱུང་བའི་སྐོར་ སྒྲིག་ཆད་དང་ལེན་འབད་ནི་ཨིན་པས།

ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྡེ་ཚན་༢ ཀྱི་བར་ན་  རྩེད་འགྲན་འབདཝ་ད་ རྩེད་འགྲན་པ་དང་ ལས་རིམ་འགོ་འདྲེན་འཐབ་མི་ ཚུ་གི་བར་ན་ འཐབ་འཛིང་འབད་ཡོདཔ་ཨིན་པས།

འཐབ་འཛིང་གི་བྱུང་རྐྱེན་དེ་ཡང་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༨ ལུ་ འབྲུག་ལྷ་ཡུལ་ཨེཕ་སི་གི་ རྩེད་འགྲན་པ་གིས་ ཐིམ་ཕུག་སི་ཊི་གི་ རྩེད་འགྲན་པ་བརྡབ་བཏངམ་ལས་ སི་ཊི་གི་རྩེད་འགྲན་པ་ཅིག་གིས་ བར་འཛུལ་འབད་ཡོདཔ་ཨིན་པས།

 རྩེད་འགྲན་ལྟ་རྟོག་དྲང་དཔོན་གྱིས་ ལྷ་ཡུལ་གྱི་རྩེད་འགྲན་པ་ལུ་ ཤོག་བྱང་ཀཊ་སེརཔོ་བཏོན་མི་ལུ་ ངལ་མ་རང་པར་ དྲང་དཔོན་ལུ་ གདོང་ལེན་འབདཝ་ད་ མི་ངོམ་དེ་ལུ་ ཀཊ་དམརཔོ་བཏོན་ཏེ་ རྩེད་འགྲན་འབད་མ་ཆོགཔ་བཟོ་དཔ་ལས་ ལྷ་ཡུལ་གྱི་ རྩེད་འགྲན་པ་ཚུ་གིས་ ལྟ་རྟོག་དྲང་དཔོན་དེ་ བསྐོར་ར་རྐྱབ་སྟེ་ ཧལ་བཏགས་འཚོལ་ཡོདཔ་ཨིན་པས།

ད་རུང་ སྐར་མ་༨༤ ནང་ སི་ཊི་གི་རྩེད་འགྲན་པ་གིས་ བྱང་ཕྱད་གཅིག་ལུ་ གདོང་ལེན་འབད་བར་འགྱོཝ་ད་ ལྷ་ཡུལ་གྱི་རྩེད་འགྲན་པའི་ཆ་རོགས་ཀྱིས་ སི་ཊི་གི་རྩེད་འགྲན་པ་དེ་ འཕུལ་བཏངམ་ལས་ རྩེད་འགྲན་པ་ཚུ་གི་བར་ན་ འཐབ་འཛིང་བྱུང་མི་ལུ་བརྟེན་ དྲང་དཔོན་གྱིས་ རྩེད་འགྲན་པ་༢ པོ་ཆ་ར་ ཤོག་བྱང་ཀཱཊ་དམརཔོ་བཏོན་ཏེ་ ཕྱི་ཁར་བཏོན་བཏང་ནུག།

ལྕང་གླིང་མི་ཐང་གི་ གནས་སྟངས་དེ་ ཨ་རྟག་དང་མ་འདྲཝ་སྦེ་ བྱུང་མི་དེ་ཡང་ ལྟདམོ་ལྟ་མི་ཚུ་གིས་ རྩེད་འགྲན་འབད་མི་དང་ བདེ་སྲུངཔ་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་ལུ་ གྱིབ་ཀྱི་དམ་སྦྱིས་དང་ ཤེལ་དམ་ གྱིབ་ཤོག་ དེ་ལས་ ཅ་ལ་གཞན་གྱི་རིགས་ཚུ་ རྩེད་ཐང་ནང་ བཀོག་བའི་ཁར་ ངར་སྐད་བཏོན་ཏེ་ ཁ་ངན་ ཚིག་རྩུབ་ཚུ་ སླབ་ཡོདཔ་ཨིན་པས།

རྩེད་འགྲན་མཇུག་བསྡུ་ཞིནམ་ལས་ བདེ་སྲུངཔ་ཚུ་གིས་ ལྟ་རྟོག་དྲག་དཔོན་དང་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་ ཉེན་སྲུང་ཅན་གྱི་ས་ཁོངས་ནང་ སྐྱེལ་ནི་ལུ་ ཆ་རོགས་འབད་ཡོདཔ་ཨིན་པས།

ལྟདམོ་ལྟ་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ དྲི་བ་དང་ དོགས་པ་ བསམ་འཆར་སྣ་ཚོགས་བཀོད་མིའི་ནང་ དྲང་དཔོན་གྱི་ མཁས་རིག་དང་ རྩེད་འགྲན་པའི་བྱ་སྤྱོད་ དེ་ལས་ ལྟདམོ་ལྟ་མི་ཚུ་གི་ འགན་ཁུར་ཚུ་གི་སྐོར་ལས་ཨིན་པས།

རྩེད་འགྲན་གྱི་སྐབས་ སྒྲིག་གཞི་དང་འགལ་མི་ཚུ་ལུ་ འབྲུག་ཕུཊ༌བཱོལ་ཚོགས་སྡེ་གིས་ ཉེ་རིས་མེད་པར་ ཉེས་ཁྲིམས་སྒྲིང་སྒྲི་བཀལ་དགོ་པའི་ བསམ་འཆར་ཚུ་ མི་སེར་གིས་ མི་སྡེ་བརྡ་བརྒྱུད་ནང་བཀོདཔ་ཨིན་པས།

ཟིང་འཁྲུག་ཅན་གྱི་རྩེད་འགྲན་དེ་ ཐིམ་ཕུག་སི་ཊི་གིས་ གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ འབྲུག་ལྷ་ཡུལ་ཨེཕ་སི་གིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགསཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *