འབྲུག་པའི་སློབ་ཕྲུག་༡༠ གྱིས་ བདུན་ཕྲག་༡ གི་ལྟ་སྐོར་དོན་ལས་ རྒྱ་གར་ལུ་སོང་ཡོདཔ།

༉ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གྲོས་སྟོན་པ་ཅིག་དང་ ཚན་རིག་དང་འཕྲུལ་རིག་ དེ་ལས་ བཟོ་རིག་དང་རྩིས་ཀྱི་ གཙུག་ལག་སློབ་སྡེའི་ སློབ་ཕྲུག་༡༠ གྱིས་ རྒྱ་གར་གྱི་ ཅཱན་ད་ར་ཡཱན་༢ ཟེར་མི་ འཕྲུལ་རིག་དེ་ ཟླཝ་གི་ལྷོ་མཚམས་ཁ་ཐུག་ལུ་ ཆགས་ནི་ཨིན་མི་དེ་ བལྟ་ནིའི་དོན་ལུ་ ད་རིས་ རྒྱ་གར་ལུ་ སོང་ཡོདཔ་ཨིན་པས།
ཟླཝ་ནང་ཆགས་མི་དེ་ཡང་ རྒྱ་གར་གྱི་མངའ་སྡེ་ བེང་ག་ལུ་རུ་གི་ས་གནས་ ཨའི་ཨེསི་ཊི་ཨར་ཨེ་སི་གི་ལྟེ་བ་ནང་ལས་ བལྟ་ནི་ཨིནམ་ད་ ཅཱན་ད་ར་ཡཱན་༢ དེ་ རྒྱ་གར་གྱིས་ ཟླཝ་ནང་ཐེངས་༢ པ་འགྱོ་མི་ཨིནམ་ད་ འཕྲུལ་ཆས་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ འཕུར་ཡོདཔ་ཨིན་པས།
ལྗིད་ཚད་ཀེ་ཇི་༢༠འབད་མི་འཕྲུལ་ཆས་དེ་ འཁོར་ལོ་༦ ཡོད་པའི་ཁར་ འཕྲུལ་ཆས་དེ་གིས་ ཟླཝ་གི་ལྷོ་ཕྱོགས་ཁ་ཐུག་ལུ་ ཆགས་ནིའི་རེ་བ་ཡོདཔ་ཨིན་པས།
འཕྲུལ་ཆས་རོ་བརཊ་དེ་གིས་ ཟླཝ་གི་ཆགས་ཚུལ་སྐོར་ལས་ ལྷབ་ནི་ཨིནམ་ད་ ཁ་ཙ་གི་ གནས་ཚུལ་དང་འཁྲིལཝ་ད་ འཕྲུལ་ཆས་དེ་གིས་ ཟླཝ་གི་ཕྱི་ཁར་ལས་ བསྐོར་ར་རྐྱབ་པའི་བསྒང་ཡོདཔ་ཨིན་པས།
འཕྲུལ་རིག་དེ་ ཅཱན་ད་ར་ཡཱན་དང་པ་གི་ཤུལ་ལས་ རྗེས་དཔྱད་འབད་མི་ཨིནམ་ད་ འཕྲུལ་རིག་དང་པ་དེ་ སྤྱི་ལོ་༢༠༠༨ ལུ་འགོ་འབྱེད་འབད་དེ་ ལོ་ཅིག་གི་ཤུལ་ལས་ ཟླཝ་ནང་ ཆུའི་རིགས་ཡོད་པའི་སྐོར་ ཤེས་ཚུགས་ཡོདཔ་ཨིན་པས།
སྡེ་ཚན་གྱི་འགྲོ་འགྲུལ་དེ་ཡང་ རྒྱ་གར་གཞུང་གི་སྐུ་ཚབ་ཡིག་ཚང་དང་ ཕྱི་འབྲེལ་ལྷན་ཁག་གིས་ འབྲུག་དང་ རྒྱ་གར་གྱི་མཐུད་ལམ་ དམ་ཟབ་བཟོ་ནིའི་དོན་ལུ་དམིགས་ཏེ་ ན་གཞོན་ཚུ་གིས་ གནམ་སྟོང་འཕྲུལ་རིག་གི་ ཤེས་ཡོན་མཐའ་དོན་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ལྟ་སྐོར་འབད་མི་དེ་གིས་ ཟུར་ཕྱོགས་མཐུན་ལམ་གྱིས་མ་ཚད་པར་ མི་སེར་དང་མི་སེར་བར་ནའི་མཐུན་ལམ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྡེ་ཚན་དེ་ནང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གིས་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་པའི་སྐབས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་སྤྱི་འཛོམས་ཁང་ནང་ བྱོན་ཞུའི་གསལ་ཞུ་འབད་མི་ མུ་ཏིག་ཐང་འབྲིང་རིམ་གོང་མའི་ སློབ་དཔོན་ཅིག་དང་ སློབ་ཕྲུག་༢ ཡང་ ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གིས་ རྒྱ་གར་གྱི་རྒྱལ་ས་ལྟེ་བ་ ལྡི་ལི་ལུ་ཡོད་མི་ འཕྲུལ་རིག་གཙུག་སྡེའི་ ནུས་ཤུགས་ཞིབ་འཚོལ་གཙུག་སྡེ་ནང་ ལྟ་སྐོར་འབད་ནི་ཨིནམ་ད་ བེང་ག་ལུ་རུ་ལུ་ཡོད་མི་ ནི་རུ་པ་ལ་ནི་ཊ་རི་ཡཱམ་དང་ ན་ལན་ཌ་གཙུག་ལག་སློབ་སྡེ་ དེ་ལས་ རྡོ་རྗེ་གདན་གྱི་ས་གནས་ཚུ་ནང་ཡང་ ལྟ་སྐོར་འབད་ནི་ཨིན་པས།
བདེ་བ་ཐང་གི་ འཇིགས་མེད་རྣམ་རྒྱལ་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ ལོ་ངོ་༣ པའི་སློབ་ཕྲུག་ ཀརྨ་འཕྲིན་ལས་ཀྱིས་ བཤད་མིའི་ནང་ ལྟ་སྐོར་ནང་ལས་ གནམ་སྟོང་འཕྲུལ་རིག་དང་ བཟོ་རིག་གི་སྐོར་ལས་ ལྷབ་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ལྟ་སྐོར་འབད་མི་དེ་གིས་ ང་རའི་ མི་ཚེ་གཡོག་ནང་ ཕན་ཐོགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ མུ་ཏིག་ཐང་གི་སློབ་དཔོན་ བསོད་ནམས་ཆོས་སྒྲོན་གྱིས་ གོ་སྐབས་དེ་གིས་ འཕྲུལ་རིག་དེ་ཆགས་པའི་སྐབས་ བལྟ་ཚུགས་ནི་ཨིན་པའི་ཁར་ གནམ་སྟོང་འཕྲུལ་རིག་གི་རིག་པ་ ཡར་འཕེལ་འབད་ཚུགས་ནི་མས་ཟེར་ཨིན་པས།
སློབ་ཕྲུག་ཚུ་གི་ གདམ་ཁ་ཚུ་ཡང་ རང་སོའི་ སློབ་དུས་ཀྱི་གྲུབ་འབྲས་དང་ ཀུན་ཚང་གི་ལས་དོན་ཚུ་ལུ་ གཞི་བཞག་སྟེ་ གདམ་འཐུ་འབད་ཡོདཔ་ད་ ཁ་ཙ་ སྡེ་ཚན་དེ་གིས་ འབྲུག་ལུ་ཡོད་མི་ རྒྱ་གར་གྱི་སྐུ་ཚབ་ རུ་ཅི་ར་ ཀམ་བཱོཇ་དང་གཅིག་ཁར་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ ཕྱད་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *