འབྲུག་པའི་དེད་གཡོགཔ་ཚུ་ རྒྱ་གར་ལས་ རྒྱུན་འགྲུལ་འབད་བའི་སྐབས་ ཉེན་སྲུང་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ།

༉ ཁ་ཙ་ བཀའ་ཁྲིམས་ལས་ཁུངས་ཀྱིས་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ གླ་འཁོར་དེད་གཡོགཔ་དང་ སྤྱིར་བཏང་སྣུམ་འཁོར་དེད་གཡོགཔ་༡༠༠ དེ་ཅིག་ལུ་ རྒྱ་གར་གྱི་ ས་མཚམས་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ བརྡ་སྟོན་དང་བརྡ་བྱང་ དེ་ལས་ ཡིག་ཆ་ག་ཅི་ར་ འབག་དགོཔ་ཨིན་ནའི་སྐོར་ལས་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གོ་བརྡའི་ལས་རིམ་དེ་ཡང་ འཕྲལ་ཁམས་ཅིག་ཁར་ འབྲུག་པའི་སྣུམ་འཁོར་ཊཱག་ཅིག་གིས་ ཨ་སཱམ་གྱི་ས་གནས་ནང་ རྒྱ་གར་གྱི་སློབ་ཕྲུག་༡ འཐུ་བཀོག་བའི་ཤུལ་ལས་ ཤི་རྐྱེན་བྱུང་མི་དང་འབྲེལ་ རྒྱ་གར་གྱི་མི་ཚུ་གིས་ སྣུམ་འཁོར་མེ་བཏང་བའི་ཤུལ་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྒྱ་གར་གྱི་ ས་ཁོངས་ཚུ་ནང་ལས་ འགྲོ་འགྲུལ་འབད་བའི་སྐབས་ འགྲོ་འགྲུལ་གྱི་བརྡ་སྟོན་དང་ ལམ་ལུགས་དང་བཅའ་ཁྲིམས་ཚུ་ ཧ་གོ་ནིའི་དོན་ལུ་ ཨ་ལི་པུར་མངའ་སྡེ་གི་ ཁྲིམས་སྲུང་བརྡ་སྟོན་སྡེ་ཚན་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་ཡང་ ལས་རིམ་དེ་ནང་ འབོ་ཡོདཔ་ཨིན་པས།
སྣུམ་འཁོར་དེད་གཡོགཔ་ཚུ་གིས་ ཉེས་བྱ་ཚུ་ བཏབ་ནིའི་དོན་ལུ་ ལཱ་ཁག་སྦེ་ ཨ་ལི་པུར་ཚུན་ འགྱོ་དགོ་པའི་སྐོར་ལས་ ཉོགས་བཤད་ཚུ་ བཀོད་ཡོདཔ་ཨིན་རུང་ རྒྱ་གར་གྱི་ངོ་ཚབ་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ ཉེས་བྱ་ཚུ་ ཡོངས་འབྲེལ་ཐོག་ལས་ ཇའི་སྒང་ལས་ བཏབ་ཚུགསཔ་བཟོ་སྟེ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
ཨ་ལི་པུར་གྱི་ ཁྲིམས་སྲུང་འགག་པའི་འགོ་འཛིན་ དི་ཝ་ཀར་ གཱོཤ་གིས་ དེད་གཡོགཔ་ཚུ་གིས་ འགྲོ་འགྲུལ་འབད་བའི་སྐབས་ ཡིག་ཆ་ག་ཅི་ར་ འབག་དགོཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ འགོ་འཛིན་དེ་གིས་ བཤད་མི་དང་འཁྲིལཝ་ད་ འབྲུག་པའི་སྣུམ་འཁོར་བཏང་མི་ཚུ་གིས་ ཡིག་ཆ་༣ འབག་དགོ་མིའི་གྲས་ལས་ གཅིག་ གཞན་གྱི་སྣུམ་འཁོར་བཏང་འགྱོ་བ་ཅིན་
ཡིག་ཆ་སྟོན་དགོཔ་ད་ རྒྱ་གར་གྱི་ས་ཁར་འགྲོ་འགྲུལ་འབདཝ་ད་ ཁྲལ་བཏབ་ཤོག་འཛིན་ཡང་ འབག་དགོཔ་ཨིན་པས།
དེད་གཡོགཔ་མང་ཤོས་ཀྱིས་ མེ་སེརཔོ་སྦེ་འབར་མི་ བརྡ་སྟོན་དེ་ བརྡ་སྟོན་ག་ཅི་ཨིན་ན་ མ་ཤེས་པའི་སྐོར་ལས་ སླབ་ཡོདཔ་ད་ རྒྱ་གར་གྱི་འགོ་དཔོན་ཚུ་གིས་ བརྡ་སྟོན་དེ་ རྒྱ་གར་གྱི་མི་ཚུ་གིས་ཡང་ ཧ་གོ་ཚུགས་པར་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ མེ་སེརཔོ་དེ་གིས་ སྣུམ་འཁོར་འགྲོས་ཀྱིས་སྦེ་ གཏང་དགོ་པའི་ཁར་ གདོང་ཁར་ མི་འགྱོ་སའི་ ཕྲ་དཀར་ལམ་ཡོད་པའི་ བརྡ་མཚོན་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ ཁོང་ལུ་ འབྲུག་དང་ རྒྱ་གར་གྱི་ མི་ཚུ་གི་ཉེན་སྲུང་ལུ་ ཚ་གྱང་ཡོདཔ་ལས་ དེད་གཡོགཔ་ཚུ་ལས་ གྲོགས་རམ་དང་མཉམ་འབྲེལ་ཚུ་ དགོ་པས་ཟེར་ བཤད་ཡོདཔ་ད་ དེད་གཡོགཔ་ཚུ་ལུ་ སྣུམ་འཁོར་གཏང་བའི་སྐབས་ ཆང་འཐུང་ནི་དང་ཤུགས་ཚད་ལས་བརྒལ་གཏང་ནི་ཚུ་ མར་ཕབ་འབད་དགོ་པས་ཟེར་ བཤད་ཡོདཔ་ཨིན་པས།
བཀའ་ཁྲིམས་ལས་ཁུངས་ཀྱི་མདོ་ཆེན་ བཀྲིས་དཔལ་འབྱོར་གྱིས་ འཕྲལ་ཁམས་ཅིག་ཁར་ ཐུག་རྐྱེན་བྱུང་མི་བཟུམ་འབད་བ་ཅིན་ མི་དང་ མི་གི་བར་ན་ཡང་ མཐུན་ལམ་མེདཔ་འགྱོ་ནི་མས་ཟེར་ བཤད་ཡོདཔ་ད་ གོ་བརྡའི་ཞལ་འཛོམས་དེ་གིས་ ཐུག་རྐྱེན་བཟུམ་འབྱུང་པ་ཅིན་ ཉེན་སྲུང་གི་དོན་ལུ་ ག་དང་གཅིག་ཁར་ འབྲེལ་བ་འཐབ་དགོཔ་ཨིན་ན་ ཤེས་ཚུགས་ཟེར་ཨིན་པས།
དེད་གཡོགཔ་ཚུ་ལུ་ གཞུང་ལམ་ཁར་ མགྱོནམ་ཚུ་འོངམ་ད་ ལམ་ཟུར་ཏེ་སྡོད་ནི་དང་ བཀག་དམ་ཅན་གྱི་ཅ་ཆས་ཚུ་ འབག་ནི་ལས་ འཛེམ་དགོ་པའི་ གོ་བརྡ་སྤྲོད་ཡི་ཟེར་ མདོ་ཆེན་གྱིས་བཤད་པའི་ཁར་ ད་རེས་བཟུམ་མའི་ ཞལ་འཛོམས་དེ་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བསམ་རྩེ་དང་ ངང་ལམ་གྱི་ ས་གནས་ཚུ་ནང་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
དེད་གཡོགཔ་ཚོགས་པའི་ ཚོགས་ཆུང་གི་འཐུས་མི་ བི་ བི་ ཏ་མང་གིས་ གོ་བརྡའི་ལས་རིམ་དེ་ དུས་ཚོད་ཁར་ཨིནམ་ལས་ དེད་གཡོགཔ་གཅིག་གིས་གཅིག་ལུ་ གནས་ཚུལ་ཚུ་ ཁྱབ་སྤེལ་འབད་འོང་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ འབྲུག་པའི་དེད་གཡོགཔ་ཚུ་ གངས་རི་ནང་གི་ འཁོར་ལམ་ཁར་ བཏང་སྡོད་མི་འབད་ནི་དེ་གིས་ ཐང་ནང་ལྷོདཔ་ད་ ཤུགས་ཚད་ལས་བརྒལ་ གཏང་དོ་ཡོདཔ་ལས་ ཚོགས་ཆུང་གིས་ གོ་བརྡ་ཁྱབ་སྤེལ་འབད་འོང་ཟེར་ཨིན་པས།
གླ་འཁོར་ཚོགས་པའི་ འཐུས་མི་ཀརྨ་གིས་ གཞུང་ལམ་ཁར་ བཅའ་ཁྲིམས་ཚུ་དང་འཁྲིལ་འབད་བ་ཅིན་ ཁོང་ཡང་ སེམས་དགའ་ནི་མས་ཟེར་ཨིནམ་ད་ ཁོ་གིས་ དཀའ་ངལ་ཐོནམ་ད་ ཧེང་སྐལ་ར་ དཀའ་ངལ་བཟོ་མི་དེ་ མང་ཤོས་ར་ གཡུས་ཁའི་མི་ཚུ་ཨིན་མས་ཟེར་ བཤད་ཡོདཔ་ཨིན་པས།
གླ་འཁོར་ཚོགས་པའི་ཁྲི་འཛིན་ རིག་འཛིན་ཆོས་འཕེལ་གྱིས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ ངང་ལམ་གྱི་བར་ན་ གླ་འཁོར་༣༠ དང་༤༠ དེ་ཅིག་ འགྲོ་འགྲུལ་འབད་ནི་ཡོད་ཟེར་ཨིན་པས།
ཨ་ལི་པུར་ཁྲིམས་སྲུང་བརྡ་སྟོན་གྱིས་ བཅའ་མར་གཏོགས་མི་ཚུ་ལུ་ བརྡ་སྟོན་གྱི་ ཁྲིམས་ལུགས་དང་ བརྒྱུད་འཕྲིན་ཨང་ཚུ་ཡང་ བྱིན་ཡོད་པའི་གནས་ཚུལ།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *