འབྲུག་པའི་དཔལ་འབྱོར་དོན་ལུ་ བཀོད་ཚོགས་ལོགས་སུ་སྦེ་ བཟོ་དགོ་པའི་གྲོས་འདེབས།

༉ ཁ་ཙ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༢༠ ལོའི་ ཚོང་འབྲེལ་མཉམ་སྡེབ་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་དཔལ་འབྱོར་ ཡར་དྲག་གཏང་ཐབས་ལུ་ འབྲུག་པའི་དཔལ་འབྱོར་གོང་འཕེལ་བཀོད་ ཚོགས་ཅིག་ ལོགས་སུ་སྦེ་ བཟོ་དགོ་པའི་གྲོས་འདེབས་ འབད་ཡོདཔ་ཨིན་པས།

སྙན་ཞུའི་ གྲོས་འདེབས་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལུ་ འགོ་དང་པ་ སྙན་ཞུ་བསྡུ་སྒྲིག་འབད་བའི་ དུས་ཚོད་ལས་འགོ་ བཙུགས་ ད་རེས་ཚུན་གྱི་བར་ན་ བཀོད་ཚོགས་དེ་ ས་གོ་ཅིག་སྦེ་བཟོ་ནི་དེ་ འོས་འབབ་ཡོདཔ་སྦེ་ར་ཨིན་པས།

དེ་ཡང་ བཀོད་ཚོགས་དེ་གིས་ གཞུང་དང་གཅིག་ཁར་ ཆ་ཤས་རང་དབང་ཐོག་ལས་ ཁྲིམས་དང་བསྟུན་པའི་འགན་ཁུར་འབག་སྟེ་ གཙོ་བོ་ར་ མ་རྩ་གཞི་བཙུགས་ཡར་དྲག་གཏང་ནི་དང་ ཕྱིར་ཚོང་ཚུ་ཡར་དྲག་གཏང་སྟེ་ འབྲུག་པའི་ཚོང་འབྲེལ་ལུ་ ཁེ་ཕན་འབྱུང་ཐབས་ལུ་ཨིན་པས།

བཀོད་ཚོགས་དེ་གིས་ ལྷན་ཁག་དང་འབྲེལ་ཡོད་ལས་སྡེ་ཚུ་གི་དོན་ལུ་ ཚོང་ལཱ་དང་ མ་རྩ་གཞི་བཙུགས་ དེ་ལས་ སྦྱོང་བརྡར་དང་ སྲིད་བྱུས་ཀྱི་གོ་བརྡ་སྤྲོད་ནི་དང་ གཞན་ཡང་ དེང་སང་གི་འཕྲུལ་རིག་ཚུ་ ལག་ལེན་འཐབ་ཐོག་ལས་ ཚོང་འབྲེལ་གྱི་གོ་སྐབས་བཟོ་ནི་དང་ ནང་འཁོད་དང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་ལུ་ མགུ་རྙོགས་ལམ་ལུགས་ཚུ་ ཉུང་སུ་བཟོ་ནིའི་འགན་ཁུར་ འབག་ནི་ཨིན་པས།

བཀོད་ཚོགས་ནང་ ལས་བྱེདཔ་ཡོངས་རྫོགས་བཙུགས་ཏེ་ གཞི་བཙུགས་འབད་བ་ཅིན་ དེ་གིས་ དཔལ་འབྱོར་ཡར་འཐོན་ འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ གྲོས་འདེབས་འབད་ནུག།

གྲོས་སྟོན་གྱི་འགོ་ཁྲིདཔ་ཐད་ བསྟན་རྒྱས་ལས་ཁུངས་དང་ ལྟ་བཤལ་ལས་སྡེ་ དེ་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་བཟུམ་སྦེ་ སྒེར་སྡེ་བཀོད་ཚོགས་ནང་ལས་ཡང་ གྲོགས་རམ་འཐོབ་ནི་ཨིན་པས།

སྤྱི་ལོ་༢༠༢༣ ལས་ རྒྱལ་ཁབ་འདི་ གོང་འཕེལ་ཉུང་སུ་འགྱོ་མི་ལས་ ཕྱིར་འཐོན་འབད་དེ་ གོང་འཕེལ་བར་མའི་གྲངས་སུ་ འཛུལ་ནི་ཨིནམ་ལས་ དེ་བསྒང་ལས་ ཁག་མ་ཆེ་བའི་ ཚོང་འབྲེལ་ཚུ་གི་དོན་ལུ་ཡང་ ཚོང་ལམ་བཟོ་དགོཔ་ ཁག་ཆེ་ནི་ཨིནམ་ལས་ གཞུང་གིས་ཟུང་ཕྱོགས་ཀྱི་ ཚོང་ལཱའི་གན་ཡིག་ཚུ་བཀོད་པའི་སྐབས་ འཛམ་གླིང་ཚོང་འབྲེལ་ལས་ཚོགས་ཀྱི་ གནས་སྟངས་ཚུ་དང་འཁྲིལ་ ཁེ་ཕན་ཚུ་ བལྟ་དགོ་ཟེར་ཨིན་པས།

དེ་མ་ཚད་ གཞུང་དང་སྒེར་སྡེ་གི་བར་ན་ ཞབས་ཏོག་ལྟེ་བ་གཅིག་བཙུགས་ཏེ་ ཚོང་ལཱ་འགོ་བཙུགས་མི་ཚུ་གིས་ ཚོང་འབྲེལ་གོང་ འཕེལ་དང་འབྲེལ་བའི་ཞབས་ཏོག་ དཔེར་ན་ ཚོང་ལཱ་དང་འབྲེལ་བའི་སྦྱོང་བརྡར་དང་ བརྡ་དོན་ དངུལ་འབྲེལ་ དེ་ལས་ སྤུས་ཚད་དང་ མཐུན་འབྲེལ་དང་འབྲེལ་བའི་ གནད་དོན་ཚུ་གི་རྒྱབ་སྐྱོར་ཚུ་ འཐོབ་ཚུགས་ནི་ཨིན་པས།

ཚོང་འབྲེལ་མཐུད་སྦྲེལ་དེ་ཡང་ ནང་འཁོད་ཐོན་སྐྱེད་ཀྱི་ ཚོང་ལཱ་འབད་མི་ཚུ་གིས་ ཕྱིའི་ཚོང་ལཱ་འབད་མི་ཚུ་དང་གཅིག་ཁར་ མཐུན་ལམ་ཐོག་ལས་ ཕྱིར་ཚོང་འཐབ་སྟེ་ འགྲོས་ཀྱིས་སྦེ་ ཕྱིར་ཚོང་ངོ་མ་འབད་ཚུགསཔ་ འགྱོ་ཚུགས་པའི་ གོ་སྐབས་ཡང་ ཡོདཔ་ཨིན་པས།

རྒྱབ་སྣོན་གཞན་མི་དེ་ སྤྱི་ལོ་༢༠༡༢ ལས་འགོ་བཙུགས་ ད་ལྟོ་ཡང་ ཚོང་འབྲེལ་དང་མ་རྩ་གཞི་བཙུགས་སྐོར་ལས་ གནས་སྡུད་ ལེགས་ཤོམ་སྦེ་ བཞག་སྟེ་མེད་མི་དེ་ཡང་ ཡོངས་འབྲེལ་ཐོག་ལས་ཡང་ འཐོབ་ཚུགསཔ་བཟོ་དགོཔ་འདུག་ཟེར་བཀོད་ནུག།

འབྲུག་གི་ཚོང་འབྲེལ་དེ་ རྒྱ་གར་གྱི་ རུ་པི་ལུ་བརྟེན་པའི་ ཚོང་འབྲེལ་ཅིག་འབདཝ་ལས་ མ་འོངས་པའི་ནང་ བརྟན་ཏོག་ཏོ་མེད་ པའི་ ཚོང་འབྲེལ་འབདཝ་ལས་ རྒྱལ་ཁབ་ཀྱི་ཆགས་ལུ་ གཞི་བཞག་སྡོད་ནི་མེན་པར་ འོས་འབབ་ཡོད་པའི་ ས་ཁོངས་ཚུ་ལུ་ ཡང་ ཚོང་འབྲེལ་གྱི་གོ་སྐབས་ཚུ་ ཤུགས་བཏོན་དགོཔ་འདུག་ཟེར་བཀོད་ནུག།

སྙན་ཞུ་དེ་ཡང་ བསྟན་རྒྱས་ལྷན་ཁག་འོག་གི་ རྒྱལ་ཡོངས་བསྟར་སྤྱོད་སྡེ་ཕན་གྱིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ སྙན་ཞུ་བསྐྱར་བསྡུ་ འབད་ཡོདཔ་ཨིན་པས།

བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ རྒྱལ་ཁབ་ཀྱི་ཚོང་འབྲེལ་དེ་ སོར་སྒྱུར་འབད་དགོཔ་འདུག་ཟེར་ བཤད་ཡོདཔ་ད་ རྒྱལ་ཁབ་ཀྱི་དཔལ་འབྱོར་མདུན་ལམ་ལུ་ ལེགས་ཤོམ་སྦེ་བལྟ་བ་ཅིན་ ཚོང་འབྲེལ་དེ་ ཐོན་སྐྱེད་བ་ལྷགཔ་སྦེ་ ཆུང་ཀུ་ཅིག་ལས་ མེད་མི་དེ་ཡང་ རྒྱལ་ཁབ་ཀྱི་ ཆགས་ཚུལ་ལས་བརྟེན་ཨིན་མས་ཟེར་བཤད་ཅི།

བརྡ་དོན་འཕྲུལ་རིག་དང་ དེང་སང་གི་ཚོང་ལམ་ཐོག་ལས་ དཔལ་འབྱོར་དེ་ ཡར་དྲག་བཟོ་ཚུགས་པའི་ཁར་ ཞིབ་འཚོལ་སྙན་ཞུ་ དེ་ དུས་ཚོད་ཁར་བསྡུ་ལེན་འབད་ཡོདཔ་ལས་ བློན་པོ་གིས་ སྙན་ཞུ་ནང་བཀོད་མི་ རྒྱབ་སྣོན་ཚུ་ག་ར་ལག་ལེན་འཐབ་མ་ཚུགས་རུང་ བཅུ་ཐམ་དེ་ཅིག་ ལག་ལེན་འཐབ་ཚུགས་པ་ཅིན་ དཔལ་འབྱོར་ལུ་ ཕན་ཐོགས་བྱུང་ཚུགས་ཟེར་བཤད་ཅི།

བློན་པོ་གིས་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ ཚོང་འབྲེལ་གྱི་ཐོན་སྐྱེད་ཚུ་ ཕྱི་ཁར་ལས་ཕར་ གསལ་སྟོན་འབད་ནིའི་གོ་སྐབས་སྤྲོད་ དགོ་ཟེར་ཨིནམ་ད་ ད་ལྟོ་ དེའི་ གདོང་ལེན་ཚུ་ཡོདཔ་ལས་ སེལ་ཐབས་འབད་དགོཔ་ཁག་ཆེ་ཟེར་བཤད་ཅི།

འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ གཞུང་ཚབ་ ཨ་ཟུ་ས་ ཀུ་བོ་ཏ་གིས་ ནད་ཡམས་ཀྱིས་ དཔལ་འབྱོར་གྱི་ཐོན་སྐྱེད་དང་བཟོ་གྲྭ་ནང་ འབྱེམ་ཕོག་ཡོད་པའི་ཁར་ ཞབས་ཏོག་ལས་སྡེ་ཚུ་ལུ་ཡང་ ཐོ་ཕོག་སྟེ་ཡོདཔ་ལས་ ཡུན་རིང་གི་དོན་ལུ་ཡུན་བརྟན་ཅན་བཟོ་ནི་ལུ་ གདོང་ལེན་ཅན་འོང་ཟེར་ བཤད་ཡོད་པའི་གནས་ཚུལ། 

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *