༉ འབྲུག་དང་ ཀོ་རི་ཡའི་རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་དེ་ ལོ་ངོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ འབྲུག་གི་དོན་ལུ་ ཀོ་རི་ཡའི་གཞུང་ཚབ་ ཨཱན་ སི་འོང་དོ་གིས་ བསུ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ ཕྱི་འབྲེལ་ལྷན་ཁག་དང་ འབྲུག་འགྲེམས་ལས་འཛིན་༢ མཉམ་འབྲེལ་ཐོག་ལས་ འགྲེམས་རྟགས་ཀྱི་པར་དེབ་ གསར་བཏོན་འབད་ཡི།
དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ ཀོ་རི་ཡའི་སྲིད་འཛིན་ མཱུན་ཇའི་ཨིན་རྣམ་༢ ཀྱིས་གནང་མི་ གསུང་འཕྲིན་ཚུ་ཡང་ བརྗེ་སོར་འབད་ཡི།
བློན་ཆེན་གྱི་ངོ་ཚབ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་འབྲེལ་གཞི་བཙུགས་ཀྱི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ འགྲེམས་རྟགས་གསར་བཏོན་འབད་ནི་གི་ གདམ་ཁ་རྐྱབ་མི་དེ་ འོས་འབབ་དང་ ལྡན་ཏོག་ཏོ་ཡོད་མི་དེ་ཡང་ འགྲེམས་རྟགས་ཚུ་ འཛམ་གླིང་ནང་འཁོད་ལུ་ འབག་འགྱོ་དོ་ཡོདཔ་ལས་ མི་སེར་དང་ ལམ་སྲོལ་ཚུ་ཡང་ དུས་མཉམ་ལུ་ འབྲེལ་མཐུན་བཟོ་དོ་ཡོདཔ་ལས་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གྱི་ ལག་ཆ་བཟུམ་ཅིག་ཨིན་ཟེར་བཤད་ཅི།

ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ སྤྱི་ལོ་༡༩༩༡ ལས་ཚུར་ ཀོ་རི་ཡ་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེའི་ སྦྱོང་བརྡར་ལས་རིམ་ལུ་བརྟེན་ འབྲུག་ལུ་ མི་སྟོབས་ཡར་དྲག་གཏང་ནིའི་ནང་ ཕན་ཐོགས་སྦོམ་ བྱུང་སྟེ་ཡོད་པའི་ཁར་ སྤྱི་ལོ་༢༠༡༤ ལས་ ད་རེས་ཚུན་ ལས་དོན་ཁག་སོ་སོའི་ནང་ འབྲུག་མི་ཚུ་ལུ་ གོ་སྐབས་༡,༠༠༠ ལྷགཔ་ཅིག་ བྱིན་ཏེ་ཡོད་ཟེར་ཨིན་པས།
ཁ་ཙ་དྲོ་པར་ ཀོ་རི་ཡའི་གཞུང་ཚབ་ གནས་གོང་ཡུ་ཨེསི་ཌོ་ལར་༢༥༠,༠༠༠ དེ་ཅིག་གནས་པའི་ མགྲོན་སྐྱོང་གི་ སྣུམ་འཁོར་༧ ཕྱི་འབྲེལ་ལྷན་ཁག་ལུ་ རྩིས་སྤྲོད་ཡོདཔ་ད་ ན་ཧིང་ སྡེ་ཚན་དང་པའི་ནང་ མགྲོན་འཁོར་༤ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༧ ཟླ་༩ པའི་ཚེས་༢༤ ལུ་ གཞི་བཙུགས་འབད་མི་ འབྲུག་དང་ཀོ་རི་ཡའི་ མཐུན་འབྲེལ་བརྩི་སྲུང་གི་དོན་ལུ་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ཀོ་རི་ཡའི་ གཞུང་ཚབ་ལས་ཁང་ལས་ གཞུང་ཚབ་ཨཱན་ སི་འོང་དོ་དང་ ཆེ་མཐོའི་འགོ་དཔོན་༧ དེ་ལས་ ཀོ་རི་ཡ་ལས་ རང་ལུགས་སྙན་ཆའི་ འཐུས་མི་༢༩ འབད་མི་ སྡེ་ཚན་ཅིག་ སྤྱི་ཟླ་༩ པའི་ཚེས་༢༢ ལས་ རྒྱལ་ཁབ་ནང་ ལྷོད་དེ་ཡོདཔ་ཨིན་པའི་གནས་ཚུལ།