རྒྱ་གར་གྱི་བློན་ཆེན་མོ་དི་མཆོག་ ཁ་ཙ་ རྒྱལ་ཁབ་ནང་ལས་ ལོག་བྱོན་པའི་བསྒང་།

འབྲུག་དང་རྒྱ་གར་གྱི་ ཟུང་ཕྱོགས་མཐུན་འབྲེལ་ མིག་དཔེ་ཅིག་ལུ་གྱུར་ཡོདཔ།

༉ ཁ་ཙ་ཉིན་ཡོལ་ཅིག་ཁར་ རྒྱལ་ཁབ་ནང་ལས་ ལོག་བྱོན་མི་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དིའི་ རྒྱལ་ཁམས་ཀྱི་ གཟིགས་སྐོར་དེ་གིས་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་ ཟུང་ཕྱོགས་མཐུན་འབྲེལ་ནང་ འཛམ་གླིང་ཡོངས་ལུ་ དཔེ་བཟང་པོ་ཅིག་ གསལ་སྟོན་འབད་ཡི།
རྒྱ་གར་གྱི་ བློན་ཆེན་གྱིས་ གསུངས་མིའི་ནང་ འབྲུག་ལུ་ ཉིན་གྲངས་༢ ཀྱི་རིང་ གཞུང་འབྲེལ་ལྟ་སྐོར་སྐབས་ ནམ་ཡང་བརྗེད་མ་ཚུགས་པའི་ དགའ་སྤྲོའི་ཉམས་སྣང་ཅིག་ བྱུང་མི་དེ་ཡང་ འབྲུག་པའི་མི་སེར་ཚུ་གི་ སྙིང་ཐག་པ་ལས་ར་ བྱམས་པ་དང་བརྩེ་བའི་སྒོ་ལས་ གདོང་བསུ་དང་ མགྲོན་སྐྱོང་མ་བཏུབ་བཏུབ་སྦེ་ གནང་ནི་དེ་གིས་ཨིན་པས།
བློན་ཆེན་མོ་དི་གིས་ ཁ་ཙ་དྲོ་པར་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ནང་ སློབ་ཕྲུག་ན་གཞོན་བུཚ་དང་ བུམོ་ཚུ་ལུ་ གསལ་བཤད་གནངམ་ད་ རྒྱ་འབྲུག་གཉིས་ཀྱིས་མ་གཏོགས་ གཅིག་གིས་གཅིག་གི་སྐོར་ལས་ ལེགས་ཤོམ་སྦེ་ཤེས་མི་ རྒྱལ་ཁབ་གཞན་མེད་ཟེར་གསུངས་ཡི།
བློན་ཆེན་མོ་དི་གིས་ འབྲུག་གི་རྫོང་གཞིས་དང་པ་དང་ རྙིང་ཤོས་ཅིག་ཨིན་མི་ སེམས་རྟོགས་ཁ་རྫོང་ནང་བྱོན་ཏེ་ སྨོན་ལམ་བཏབ་ནི་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ ཞལ་མཇལ་གསུང་ཐོས་ཀྱི་ གོ་སྐབས་ཐོབ་ལས་ ཐུགས་ལུ་སྤྲོ་བ་ཚད་མེད་དང་ ཡིད་ཆེས་ངལ་རངས་སྦོམ་ བྱུང་ཡོདཔ་ཨིན་པས།
བློན་ཆེན་ན་རེན་ད་ར་མོ་དི་གིས་ མི་དབང་རྒྱལ་བཙུན་རྣམ་གཉིས་ རྒྱ་གར་ལུ་ ཐུགས་དལ་ཁོམ་དང་བསྟུན་ ཆིབས་སྐྱོད་གནང་དགོ་པའི་ མགྲོན་བརྡ་ཕུལ་ནུག།
དེ་གིས་མ་དོ་བར་ སེམས་རྟོགས་ཁ་རྫོང་ནང་ བློན་ཆེན་གཉིས་ཀྱི་བར་ན་ ཟུང་ཕྱོགས་ཞལ་འཛོམས་ འགོ་དང་པ་གནང་མི་དེ་ རྒྱལ་རབས་ཅན་ཅིག་ཨིནམ་ད་ རྒྱ་གར་གྱི་ བློན་ཆེན་མོ་དིའི་ གཟིགས་སྐོར་དེ་ མཐར་འཁྱོལ་ཅན་བྱུང་མི་དེ་ལུ་ འབྲུག་གི་བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ གཞུང་གི་འགོ་དཔོན་ཆེ་འབྲིང་ཆུང་གསུམ་དང་ སློབ་ཕྲུག་ སློབ་དཔོན་ཚུ་གི་ རྒྱབ་སྐྱོར་དང་མཉམ་འབྲེལ་གང་དྲག་འབད་མི་ དེ་ལས་ ཆོས་སྐྱོང་སྲུང་མའི་ བྱིན་བརླབས་དང་ གནས་བདག་གཞི་བདག་ཚུ་གི་ རྒྱབ་སྐྱོར་ལུ་བརྟེན་ གནམ་གཤིས་གནས་སྟངས་ཡང་ ལེགས་ཤོམ་བྱུངམ་ལས་ ག་ར་ལུ་ བཀའ་དྲིན་དགའ་ཚོར་གསུངས་ཡི།
གཟིགས་སྐོར་གྱི་གྲུབ་འབྲས།
བློན་ཆེན་གཉིས་ཀྱིས་ འཕྲལ་ཁམས་ཅིག་ཁར་བསྒྲུབས་མི་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་དང་ རྒྱ་འབྲུག་མཐུན་འབྲེལ་ལས་འགུལ་ཅིག་ཨིན་མི་ གཞི་རྟེན་འཛམ་གླིང་འབབ་ཚུགས་དང་ འཕྲུལ་སྐར་བརྡ་དོན་ཡོངས་འབྲེལ་གཉིས་ གཞུང་འབྲེལ་དུ་ འགོ་འབྱེད་གནང་ཡི།
ད་རུང་ འཕྲུག་རིག་ཐོག་ལས་ དངུལ་བཙུགས་བཏོན་འབད་ནིའི་ ལྷན་ཐབས་ལུ་ འགོ་བཙུགས་མི་ རྒྱ་གར་གྱི་ རུ་པི་ཤོག་བྱང་དང་ རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཡོངས་འབྲེལ་ ཨེན་ཀེ་ཨེན་དང་ འབྲུག་ཞིབ་འཚོལ་དང་ ཤེས་རིག་ཡོངས་འབྲེལ་ འབྲུག་རེན་ཟེར་མིའི་བར་ན་ ཕན་ཚུན་མཐུད་སྦྲེལ་ལས་རིམ་ཅིག་ཡང་ འགོ་བཙུགས་གནང་ཡི།
ད་རུང་ གཟིགས་སྐོར་གྱི་སྐབས་ལུ་ གོ་བརྡའི་ཆིངས་ཡིག་༡༠ གུ་ མཚན་རྟགས་བཀོད་དེ་ ཡིག་ཆ་བརྗེ་སོར་འབད་ཡི།
བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གི་ ཁ་ཐུག་ལས་ འབྲུག་པའི་མི་སེར་ཚུ་གི་དོན་ལུ་ སྨན་བཅོས་ཀྱི་ སྤུས་ཚད་ཡར་དྲག་གཏང་ནི་དང་ ཞབས་ཏོག་ཐོབ་ཆོག་ཆོ་བཟོ་ནི་གི་ བརྩོན་ཤུགས་བསྐྱེད་མི་ལུ་ བློན་ཆེན་མོ་དི་གིས་ ཡིད་ཆེས་ཡོད་ལུགས་ གསུངས་ཡོདཔ་ད་ གནད་དོན་དེ་གི་ཐད་ལུ་ ཕྱོགས་གཉིས་ཆ་ར་གིས་ ངོས་ལེན་གྲུབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་ལས་ མཁས་མཆོག་སྡེ་ཚན་ཅིག་ འབྲུག་ལུ་འོང་མི་དེ་ཡང་ སྤུས་ཚད་ཅན་དང་ མཁས་མཆོག་ཚུ་ཡོད་མི་ དམིགས་བསལ་སྨང་ཁང་ལྟེ་བ་གསརཔ་རྐྱབ་ནི་གི་ འཆར་གཞི་གསརཔ་བརྩམ་ནིའི་ནང་ འཕྲུལ་རིག་དང་འབྲེལ་བའི་ རྒྱབ་སྐྱོར་འབད་ཐབས་ལུ་ཨིན་པས།
བློན་ཆེན་མོ་དི་གིས་ ད་ལྟོ་ འབྲུག་ལུ་ མེ་རླུང་རྒྱ་རྫི་ གོང་ཚད་ཕབ་ཆག་ཐོག་ ཟླཝ་རེ་ལུ་ མེ་ཊིག་ཊཱན་༧༠༠ རེ་ བྱིན་སྲོལ་ཡོད་མི་དེ་ མེ་ཊིག་ཊཱན་༡,༠༠༠ ལུ་ ཡར་སེང་འབད་ནི་སྦེ་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ འབྲུག་གཞུང་གིས་ ནང་འཁོད་ལུ་ ལག་ལེན་འཐབ་མི་ མེ་རླུང་རྒྱ་རྫིའི་ མཁོ་འདོད་འགྲུབ་ནི་དང་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ ཐོབ་ཚུགསཔ་ བཟོ་ཐབས་ལུ་ཨིན་པས།
གཞུང་གཉིས་ཀྱི་ཁ་ཐུག་ལས་ རྒྱ་འབྲུག་གི་ མཛའ་བཤེས་མཐུན་ལམ་དང་ མཉམ་འབྲེལ་ལྷག་པར་དུ་ རྩ་བརྟན་བཟོ་ནི་གིས་མ་དོ་བར་ རྒྱ་གར་དང་ འབྲུག་གི་ན་གཞོན་ཚུ་གི་བར་ན་ ཐབས་རིག་དང་ ཤེས་ཡོན་བརྗེ་སོར་འབད་ནི་ཚུ་ནང་ གཙོ་རིམ་བཟུང་ནི་སྦེ་ ཁས་བླངས་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *