༉ འབྲུག་དང་ ནེ་པཱལ་གཞུང་གི་བར་ན་ ཟླ་ངོ་༣ གྱི་ནང་འཁོད་ལུ་ ཟུང་ཕྱོགས་ཀྱི་ཚོང་དང་ བཟོ་གྲྭ་རྩ་བརྟན་བཟོ་ནི་དང་ ཡར་དྲག་ གཏང་ཐབས་ལུ་ གཞུང་འབྲེལ་གྱི་ ཚོང་འབྲེལ་གན་ཡིག་ལུ་ མཚན་རྟགས་བཀོད་ནིའི་ རེ་བ་ཡོདཔ་ཨིན་པས།
ད་ཚུན་ གཞུང་གཉིས་ཀྱི་བར་ན་ ཚོང་འབྲེལ་གྱི་ གན་ཡིག་ག་ནི་ཡང་ བཀོད་དེ་མེདཔ་ད་ ཚོང་འབྲེལ་གན་ཡིག་ཟིན་བྲིས་དེ་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ རྒྱང་མཐོང་ཡོངས་འབྲེལ་ཐོག་ལས་ ཚོང་འབྲེལ་གནད་དོན་སྐོར་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
གན་ཡིག་དེ་གིས་ ས་གཏེར་གྱི་ ཐོན་སྐྱེད་རྐྱངམ་གཅིག་མེན་པར་ འབྲུག་ལས་ ཕྱིར་ཚོང་འབད་ནིའི་ འོས་འབབ་ཡོད་པའི་ ཐོན་སྐྱེད་ག་ར་ལུ་ ཕན་ཐོགས་འབྱུང་ནིའི་ རེ་བ་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་ ཚོང་འབྲེལ་ཡོངས་ཁྱབ་མདོ་ཆེན་ བསོད་ནམས་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གན་ཡིག་མེད་པའི་སྐབས་ ཐོན་སྐྱེད་ཚུ་ལུ་ ཁྲལ་བཀལ་ནི་དེ་གིས་ ཁྲོམ་ཁར་བཙོང་ནིའི་དོན་ལུ་ དོ་འགྲན་འབད་དགོ་པས་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ གན་ཡིག་བཟོ་མི་དང་བསྟུན་ ཐོན་སྐྱེད་ཚུ་ལུ་ ཁྲལ་ ཡངས་འཐོབ་ཟེར་ བཤདཔ་ཨིན་པས།
གྲོས་འཛོམས་དེ་གིས་ ཚོང་འབྲེལ་གན་ཡིག་དང་ དེའི་ལམ་ལུགས་ དེ་ལས་ ཐོན་སྐྱེད་ཀྱི་དོན་ལུ་ སྒྲིག་གཞི་དང་ ལམ་ལུགས་ཚུ་ལུ་ ཐག་བཅད་ཡོདཔ་ད་ ཐོན་སྐྱེད་འབད་སའི་ སྒྲིག་གཞི་དང་འཁྲིལཝ་ད་ རྒྱལ་ཁབ་གཉིས་ཆ་ར་གིས་ ཐོན་སྐྱེད་འབད་ས་ལས་ ཡངས་ཆག་བྱིན་དགོཔ་སྦེ་ཨིན་པས།
བསོད་ནམས་བསྟན་འཛིན་གྱིས་ སླབ་མི་དང་འཁྲིལཝ་ད་ ཁྲལ་ཡངས་ཆག་གི་དོན་ལུ་ ཐོན་སྐྱེད་ཀྱི་ ཐོ་བསྐྱར་ཞིབ་འབད་མི་དེ་ རྒྱལ་ཁབ་༢ ཆ་ར་གིས་ གྲོས་འཆམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཟུང་ཕྱོགས་ཚོང་འབྲེལ་དེ་ འདས་པའི་ལོ་ངོ་བཅུ་ཕྲག་ནང་ འགྲོས་ཀྱིས་སྦེ་ ཡར་སེང་སོང་སྟེ་ཡོདཔ་ལས་ སྤྱི་ལོ་༢༠༢༡ ལུ་ དངུལ་ཀྲམ་ས་ཡ་༨༦༢ གནས་པའི་ ཐོན་སྐྱེད་ཚོང་འབྲེལ་འཐབ་ཡོད་མི་དེ་ སྤྱི་ལོ་༢༠༢༠ ལོ་ནང་ དངུལ་ཀྲམ་ས་ཡ་༣༩༨ ཀྱི་ ཚོང་འབྲེལ་འཐབ་མི་དང་ཕྱདཔ་ད་ ཡར་སེང་ཨིནམ་ད་ འབྲུག་གིས་ ཕྱིར་ཚོང་འཐབ་ས་ མཐོ་ཤོས་ཨང་༤ པ་དེ་ ནེ་པཱལ་ཨིན་པས།
སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ ནེ་པཱལ་དང་གཅིག་ཁར་ ཚོང་འབྲེལ་ཡར་སེང་འགྱོ་དོ་ཡོདཔ་ད་ གཞུང་འབྲེལ་གྱི་ ཚོང་འབྲེལ་གན་ཡིག་མེད་རུང་ རྒྱལ་ཁབ་གཉིས་ཀྱི་བར་ན་ ལེགས་ཤོམ་འགྱོ་སྟེ་ཡོདཔ་ཨིན་པས།
ནང་འདྲེན་དེ་ གཙོ་བོ་ར་ ཨ་རོ་དང་ལྕགས་རོ་ དེ་ལས་ ལྕགས་དང་ལྕགས་རིགས་ སྐུ་ ཐབ་ཆས་ བུ་རས་ཀྱི་ ཐོན་སྐྱེད་དང་ འགྲུལ་ འཕྲིན་ མཆོད་ཆས་དང་ ཚན་གཏང་ནིའི་ འཕྲུལ་ཆས་ཚུ་ཨིན་པས།
ནེ་པཱལ་ལུ་ ཕྱིར་ཚོང་མང་ཤོས་ར་ རྡོ་དཀར་དང་ འདམ་སྦྱར་གྱི་ ཐོན་སྐྱེད་ཚུ་བརྩིས་ཏེ་ ཕྱིར་ཚོང་བརྒྱ་ཆ་༩༧ དེ་ཅིག་ འཐབ་དོ་ཡོདཔ་ད་ ཐོན་སྐྱེད་གཞན་ཚུ་ཡང་ ཤིང་ཆས་དང་ སྤོས་ གླང་ལེབ་དང་ སྤགས་ཤིང་གི་ ཐོན་སྐྱེད་ཚུ་ འབདཝ་ཨིན་པས།
གྲོས་འཛོམས་དེ་ནང་ འབྲུག་གི་སྡེ་ཚན་དེ་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་བསྟན་འཛིན་དང་ ནེ་པཱལ་གྱི་ སྡེ་ཚན་དེ་ བཟོ་གྲྭ་དང་ ཚོང་འབྲེལ་དང་ བཀྲམ་སྤེལ་ལྷན་ཁག་གི་ མཉམ་འབྲེལ་མདོ་ཆེན་ ཌོག་ཊར་ན་ར་ཡཱན་ པར་སཱད་རིག་མི་གིས་ འགོ་ཁྲིད་འབད་ཡོདཔ་ ད་ ཚོང་འབྲེལ་ཐེངས་༣ པའི་ གྲོས་འཛོམས་དེ་ སྤྱི་ལོ་༢༠༡༩ ཟླ་༨ པའི་ནང་ ནེ་པཱལ་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།