འབྲུག་དགའ་སྐྱིད་ཚོགས་པའི་རྩོད་བཤེར་ གྲངས་མང་ཁྲིམས་ཁྲི་གིས་ ཐག་བཏོག་ནི།

༉ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ སྟ་གོན་སྙན་གསན་མཛདཔ་ད་ འབྲུག་དགའ་སྐྱིད་ཚོགས་པ་ གཞི་བཙུགས་འབད་མི་ ཆོས་སྐུ་འབྲུག་པ་གིས་ ཞུ་མིའི་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁོ་གི་སྲིད་དོན་ཚོགས་པ་ ཐོ་བཀོད་འབད་མ་བཏུབ་མི་དེ་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་ཁྲིམས་ཡིག་ཚུ་གི་ དགོངས་དོན་ཚུ་དང་ མི་འཁྲིལ་བས་ཟེར་ཨིན་པས།
ཡོངས་གྲགས་ལུ་ ཇེག་སཱན་འབྲུག་པ་ཟེར་སླབ་མི་ རྩོད་རྩ་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་སྐོར་ལས་ མི་སེར་གྱི་ མནོ་བསམ་བཏང་ཐངས་ བསྒྱུར་བཅོས་འགྱོ་མི་ལུ་བརྟེན་ དམངས་གཙོའི་གོ་སྐབས་སྤྲོད་ཐབས་ལུ་དམིགས་ཏེ་ ཚོགས་པ་གཞི་བཙུགས་འབད་ཡི་ཟེར་ཞུ་ཡི།
ཆོས་སྐུ་འབྲུག་པ་གིས་ ཞུ་མིའི་ནང་ རྩ་ཁྲིམས་ཆེན་མོའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་ ལོ་ཚད་དེ་ སྐྱེས་ལོ་༢༥ དང་༦༥ གི་བར་ན་དགོཔ་སྦེ་ འཁོད་དེ་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ འཐུས་མི་ཚུ་གི་ ལོ་ཚད་བཟོ་དགོཔ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ འདེམས་ཁོངས་ག་རའི་ནང་ལས་ ཚོགས་པ་ཐོ་བཀོད་འབད་བའི་སྐབས་ ཚང་དགོཔ་སྦེ་ཡང་མེད་རུང་ གནད་དོན་དེ་ཚུ་གི་ཐོག་ལུ་ ཚོགས་པ་དེ་ ཐོ་བཀོད་འབད་མ་བཅུག་པའི་ཁར་ ཚོགས་པའི་འཐུས་མི་ཚུ་གི་ ལྕོགས་གྲུབ་མིན་འདུག་ཟེར་ སླབ་ནི་གི་ དབང་ཆ་དེ་ཡང་ ལྷན་ཚོགས་ལུ་མིན་འདུག་ཟེར་ ཁོ་གིས་ཞུ་ཡི།
ཆོས་སྐུ་འབྲུག་པ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་བའི་རྩོད་བཤེར་ནང་ ཁོ་ར་ ཚོགས་པའི་ཁྲི་འཛིན་ཨིནམ་སྦེ་ བཀོད་ཡོད་མི་ལུ་ ཁྲིམས་འདུན་གྱིས་ ད་ལྟོ་ ཚོགས་པ་ར་ ཐོ་བཀོད་འབད་དེ་མེདཔ་ལས་ ཁྲིམས་མཐུན་བཟོ་ནིའི་དོན་ལུ་ དོགས་སེལ་འབད་བཅུག་ཡོདཔ་ད་ ཁོ་གིས་ ཚོགས་པའི་ཞལ་འཛོམས་འཚོགས་པའི་ཤུལ་ལས་ ཁོ་ར་གཙོ་འཛིན་སྦེ་ བསྐོ་བཞག་གྲུབ་ཅི་ཟེར་ཞུ་ཡི།
བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པ་ཐོ་བཀོད་འབད་མ་བཏུབ་པའི་ཤུལ་ལས་ ཁོ་གིས་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཁོ་གིས་ མཐོ་གཏུགས་བཤེར་ཡིག་ནང་ བཙག་འཐུ་ལྷན་ཚོགས་ཀྱི་ ངོ་ཚབ་ཅིག་ ཁྲིམས་འདུན་ལུ་ འབོ་བཀུག་ཐོག་ གནད་དོན་ག་ཅི་ལུ་བརྟེན་ ཚོགས་པ་ཐོ་བཀོད་འབད་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་ནའི་སྐོར་ལས་ ཞུ་བཅུག་དགོཔ་སྦེ་ བཀོད་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ དམངས་གཙོའི་རིང་ལུགས་ནང་ ཚོགས་པ་མི་དགོ་ཟེར་མེན་པར་ དགོཔ་ཡོད་རུང་ ཐོ་བཀོད་འབད་བའི་སྐབས་ ལམ་ལུགས་ཚུ་དང་འཁྲིལ་ འབད་དགོཔ་ལས་ དེ་སྦེ་ར་ འབད་དོ་ཟེར་ ཞུ་ཡི།
ངོ་ཚབ་ཀྱིས་ འབྲུག་དགའ་སྐྱིད་ཚོགས་པ་དེ་ཡང་ ལམ་ལུགས་དང་འཁྲིལ་ཏེ་ར་འབད་ཡོད་རུང་ ཁྱད་ཚད་ཀྱི་ ཐད་ཁར་ལྷོདཔ་ད་ ཚོགས་པ་ལུ་ གྲ་སྒྲིག་ཡོདཔ་བཟུམ་མ་མཐོང་ཟེར་ ཞུ་བའི་ཁར་ ཆོས་སྐུ་འབྲུག་པ་ཁོ་ར་ ཚོགས་པའི་གཙོ་འཛིན་སྦེ་ ངོས་ལེན་འབད་ནི་དེ་ཡང་ བཀག་ཆ་འབད་གནང་ཟེར་ཞུ་ཡི།
ཚོགས་པ་ཚུ་ ཐོ་བཀོད་འབད་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ མདོ་ཆེན་ལུ་ སྙན་ཞུ་འབད་དེ་ ལྷན་ཚོགས་ཀྱིས་ ཐག་བཅད་ནི་ཡོདཔ་ལས་ མི་གཅིག་གིས་ ཐག་བཅད་བཅདཔ་མེད་ཟེར་ ངོ་ཚབ་ཀྱིས་ཞུ་ཡི།
དྲང་དཔོན་ཚུ་གིས་ ཆོས་སྐུ་འབྲུག་པ་དང་ བཙག་འཐུ་ལྷན་ཚོགས་ཀྱི་ ངོ་ཚབ་ཚུ་ལུ་ རྩོད་བཤེར་འབད་ནིའི་དོན་ལུ་ རྒྱབ་མི་གི་ཐོབ་དབང་ཚུ་ཡོད་པའི་སྐོར་ལས་ཡང་ བརྡ་དོན་སྤྲོད་གནང་ཡི།
རྩོད་གཞི་དེ་ རྩ་ཁྲིམས་དང་འབྲེལ་བའི་ རྩོད་བཤེར་འབད་ནི་དེ་གིས་ ཡུན་འགྱངས་སྦེ་མ་བཞག་པར་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ སྙན་གསན་ཐེངས་གཉིས་པ་ མཛད་ཞིནམ་ལས་ གྲངས་མང་ཁྲིམས་ཁྲི་གིས་ ཐག་བཏོག་ནི་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

དར་ལ་གློག་མེ་ལས་འགུལ་ ཟླཝ་༣ གྱི་རིང་ སྒོ་བསྡམ་བཞག་ནི།

༉ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་འཁྲིལཝ་ད་ ནུས་ཤུགས་མེ་ག་ཝཱཊ་༡༠༢༠ འབད་མི་ དར་ལ་གློག་མེ་ལས་ འགུལ་དེ་ སྤྱི་ཟླ་༡༢ པའི་ཟླ་མཇུག་ལས་ སྤྱི་ལོ་༢༠༢༢ ཀྱི་ ཟླཝ་༣ པའི་ཟླ་མཇུག་ཚུན་ བཅོ་ཁ་རྐྱབ་ནིའི་དོན་ལུ་ སྒོ་བསྡམ་བཞག་ནི་ཨིནམ་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༨༤༠ …

Leave a Reply

Your email address will not be published. Required fields are marked *