འབྲུག་གློག་མེ་ལས་འཛིན་ནང་ ནང་འཁོད་མཉམ་འབྲེལ་ ལེགས་ཤོམ་མེད་མི་གིས་ ཟད་འགྲོ་ཐེབས་གནས་ཡོདཔ།

༉ རྒྱལ་ཡོངས་ཀྱི་ ཡོངས་འབྲེལ་རྒྱུན་ཐག་མཐུད་སྦྲེལ་ལག་ལེན་དང་ འཛིན་སྐྱོང་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ འབྲུག་གློག་མེ་ལས་འཛིན་ཚད་ཀྱི་འོག་ལུ་ཡོད་མི་ གློག་མེ་ཞབས་ཏོག་སྡེ་ཚན་དང་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གཉིས་ཀྱི་བར་ན་ མཉམ་འབྲེལ་ལེགས་ཤོམ་མེད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

མ་གཞི་ གློག་མེ་ཞབས་ཏོག་སྡེ་ཚན་དེ་ གློག་མེའི་ཀཝ་དང་ གློག་ཐག་ཚུ་ རྒྱུན་སྐྱོང་དང་ལག་ལེན་གྱི་ འགན་ཁུར་ཕོགཔ་ཨིནམ་ད་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་དེ་ གློག་མེ་ཀཝ་གུ་ལས་ འཐེན་ཡོད་མི་ རྒྱུན་ཐག་ཡོངས་འབྲེལ་གྱི་རྒྱུན་སྐྱོང་དང་ ལག་ལེན་གྱི་འགན་ཁུར་ཕོགཔ་ཨིན་པས། 

སྡེ་ཚན་གཉིས་ཀྱིས་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་ཀཝ་ཚུ་ གཅིག་ཁར་ལག་ལེན་འཐབ་དོ་ཡོདཔ་ལས་ གློག་མེའི་ཞབས་ཏོག་དང་ རྒྱུན་ཐག་མཐུད་སྦྲེལ་ཞབས་ཏོག་ཚུ་ ལེགས་ཤོམ་སྤྲོད་ནིའི་དོན་ལུ་ སྡེ་ཚན་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་འདུག་ཟེར་ སྙན་ཞུ་ནང་ གསལ་སྟོན་འབད་དེ་འདུག།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྒྱལ་ཡོངས་ཀྱི་ ཡོངས་འབྲེལ་རྒྱུན་ཐག་མཐུད་སྦྲེལ་ལག་ལེན་དང་ འཛིན་སྐྱོང་གི་ལས་འབྲེལ་རྩིས་ཞིབ་སྙན་ཞུ་༢༠༢༠ ཅན་མའི་ནང་ གློག་མེའི་ཀཝ་ཚུ་ མང་ཤོས་ར་ བཟོ་སྐྲུན་གྱི་སྐབས་ལུ་ སྤོ་བཤུད་འབད་དགོ་པའི་ ཞུ་བ་འབད་མི་ཐོན་ཡོདཔ་ད་ སྤོ་བཤུད་ཀྱི་ཟད་སོང་ཚུ་ཡང་ ཞུ་བ་འབད་མི་ཚུ་གིས་ར་ སྤྲོད་ཡོདཔ་ལས་བརྟེན་ སྡེ་ཚན་གཉིས་ཀྱི་བར་ན་ བརྡ་དོན་གྱི་ལམ་ལུགས་དང་ ནང་འཁོད་མཉམ་འབྲེལ་གྱི་ལམ་ལུགས་ཚུ་ ལེགས་ཤོམ་དགོཔ་འདུག་ཟེར་ཨིན་པས།

དེ་བཟུམ་མའི་ ལམ་ལུགས་དང་ ཡང་ཅིན་ བྱ་རིམ་ཚུ་ ལེགས་ཤོམ་ཡོད་པ་ཅིན་ བརྡ་དོན་ཚུ་ ལེགས་ཤོམ་སྦེ་སྤྲོད་ཚུགསཔ་ལས་བརྟེན་ ལཱ་ཡང་བསྐྱར་འབད་དགོཔ་མི་འཐོན་ནི་ཨིནམ་མ་ཚད་ ཐོན་སྐྱེད་ཀྱི་ཞབས་ཏོག་ཚུ་ ཡར་དྲག་གཏང་ཚུགས་ནི་ཨིན་རུང་ སྡེ་ཚན་གཉིས་ཀྱི་བར་ན་ ནང་འཁོད་མཉམ་འབྲེལ་གྱི་ལམ་ལུགས་ཚུ་ ལེགས་ཤོམ་མིན་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།

གློག་མེ་ཀཝ་ཚུ་ སྤོ་བཤུད་འབད་དགོ་པའི་ ཞུ་བ་འབད་དེ་ གློག་མེ་ཞབས་ཏོག་སྡེ་ཚན་གྱི་ བསྐྱར་བཀོད་ཀྱི་ སྔོན་རྩིས་བཏོན་ཐོག་ལས་ དེའི་གུ་ ཞུ་བ་འབད་མི་གིས་ དངུལ་སྤྲོད་དེ་ ཀཝ་སྤོ་བཤུད་འབད་བའི་སྐབས་ལུ་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གྱིས་ གྲལ་གཏོགས་མ་འབད་བའི་ གནས་སྟངས་བྱུང་དོ་ཡོདཔ་ཨིན་པས།

ཕྱོགས་གཅིག་ལས་ལྟཝ་ད་ གློག་མེའི་ཀཝ་ཚུ་ སྤོ་བཤུད་འབད་བའི་སྐབས་ གློག་ཐག་ཚུ་ཡང་ སྤོ་བཤུད་འབད་དོ་ཡོད་རུང་ རྒྱུན་ཐག་ཚུ་ སྣང་མེད་བཞག་ཡོདཔ་ལས་ རྒྱུན་ཐག་གུ་ གནོད་སྐྱོན་ཕོག་ནིའི་ཉེན་ཁ་ཡོད་ནི་དེ་གིས་ བརྡ་དོན་འཕྲུལ་རིག་ཞབས་ཏོག་ལུ་ གནོད་པ་འབྱུང་ནི་མས་ཟེར་ བཀོད་ནུག།

དེ་འབདཝ་ལས་ ལཱ་ཚུ་ ཡང་བསྐྱར་འབད་དགོཔ་འཐོན་ནི་ཨིནམ་མ་ཚད་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གྱི་ལས་བྱེདཔ་ཚུ་གིས་ རྒྱུན་ཐག་སྤོ་བཤུད་དང་ ཡང་ཅིན་ རྒྱུན་ཐག་གུ་ གནོད་སྐྱོན་ཕོག་མི་ཚུ་ གསརཔ་བཙུགས་དགོཔ་འབྱུང་ནི་ཨིནམ་ལས་ ཟད་སོང་ཐེབས་གནས་ནི་ཨིན་པས། 

གནས་སྟངས་ལ་ལོ་ཅིག་ནང་ རྒྱུན་ཐག་སྤོ་བཤུད་ཀྱི་ཟད་སོང་ཚུ་ ཞུ་བ་འབད་མི་གིས་ སྤྲོད་བཏུབ་དོ་ཡོད་རུང་ གནས་སྟངས་ལ་ལོ་ཅིག་ནང་ ཟད་སོང་ཐེབས་གནས་མི་ཚུ་ སྤྲོད་མི་བཏུབ་དོ་ཡོདཔ་ལས་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གྱི་ ལག་ལེན་དང་ རྒྱུན་སྐྱོང་མ་དངུལ་ནང་ལས་ སྤྲོད་དགོཔ་བྱུང་ཡོད་པའི་ གནས་སྟངས་ཚུ་བྱུང་ནུག།

དེ་མ་ཚད་ ཞུ་བ་འབད་མི་གིས་ དངུལ་སྤྲོད་འབད་མི་ཟད་སོང་ཚུ་ ལོག་སྟེ་ར་ འབྲུག་གློག་མེ་ལས་འཛིན་གྱི་རྩིས་ཁྲ་ནང་ བཙུགས་ཐོག་ལས་ ཟད་འགྲོ་ཚུ་ དེ་ཁར་ལས་ བཏང་སྟེ་འདུག་ཟེར་ཨིན་པས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་བའི་སྐབས་ སྡེ་ཚན་༢ ཀྱི་ལས་བྱེདཔ་ཚུ་གིས་ ལོ་བསྟར་ཞལ་འཛོམས་ལ་སོགས་པའི་ འོས་ལྡན་གྱི་གྲོས་འཛོམས་སྐབས་ གནད་དོན་སྐོར་ལས་ཞུ་ཡོདཔ་ལས་ སྡེ་ཚན་གཉིས་ཀྱི་ལས་བྱེདཔ་ཚུ་གིས་ ད་ལས་ཕར་ གློག་མེའི་ཀཝ་ཚུ་ སྤོ་བཤུད་འབད་བའི་སྐབས་ གཅིག་གིས་གཅིག་ལུ་ གནས་ཚུལ་བརྗེ་སོར་དང་ བརྡ་དོན་སྤྲོད་ཐོག་ལས་ འབད་དགོཔ་སྦེ་བཟོ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་སྦེ་ཨིན་པས།

ཨིན་རུང་ གློག་མེ་ཀཝ་ཚུ་ སྤོ་བཤུད་འབད་བའི་སྐབས་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གྱིས་ མ་ཤེས་པའི་ གནས་སྟངས་ལེ་ཤ་ཡོདཔ་ཨིན་པས།

སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གློག་མེ་ཞབས་ཏོག་སྡེ་ཚན་གྱིས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལས་ བསྐྱར་བཀོད་ཀྱི་རིན་གོང་ དངུལ་ཀྲམ་ས་ཡ་༠.༨༡༢ བསྡུ་ལེན་འབད་དེ་ བསྐྱར་བཀོད་ཀྱི་ལཱ་ཚུ་ བསྟར་སྤྱོད་འབད་ནུག།

གློག་མེ་ཞབས་ཏོག་སྡེ་ཚན་གྱིས་ བསྐྱར་བཀོད་ལཱ་འབད་བའི་ཤུལ་ལུ་རྐྱངམ་གཅིག་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་ལུ་ སླབ་ཡོདཔ་ལས་ རྒྱུན་ཐག་སྤོ་བཤུད་འབད་ནིའི་དོན་ལུ་ རྒྱུན་ཐག་མཐུད་སྦྲེལ་ནང་ལུ་ ཟད་འགྲོ་ཅོག་འཐདཔ་སྦེ་ གཏང་དགོཔ་ཐོན་ཡོད་པའི་ ཞིབ་རྟོགས་བྱུང་ནུགག།

དཔེ་འབད་བ་ཅིན་ ཐིམ་ཕུག་བར་སྦིས་ས་ལུ་ གློག་མེ་ཞབས་ཏོག་སྡེ་ཚན་གྱིས་ བསྐྱར་བཀོད་ཀྱི་རིན་གོང་ དངུལ་ཀྲམ་ས་ཡ་༠.༣༩༩ ཞུ་བ་འབད་མི་ལས་ བསྡུ་ལེན་འབད་དེ་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་ལུ་ མ་སླབ་པར་ བསྐྱར་བཀོད་ཀྱི་ལཱ་ བསྟར་སྤྱོད་འབད་བའི་ཤུལ་ལས་ ཞུ་བ་འབད་མི་གིས་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་ལུ་ རྒྱུན་ཐག་སྤོ་བཤུད་འབད་དགོ་པའི་ ཞུ་བ་འབད་ཐོག་ལས་ སྤོ་བཤུད་འབད་དགོཔ་བྱུང་སྟེ་འདུག 

དེ་བཟུམ་སྦེ་ བསམ་རྩེ་ ཨྱོན་རྩེ་གློག་མེའི་ཀཝ་ཚུ་ བཤིག་བཏང་བའི་ཤུལ་ལས་ ཨེ་དྲི་ཨེས་ཨེས་རྒྱུན་ཐག་ཚུ་ ས་ཁར་བཞག་ཡོདཔ་ད་ གློག་མེའི་ཀཝ་ཚུ་ བཤིག་བཏང་སྟེ་ དུས་ཡུན་ལེ་ཤ་སོང་ཡོདཔ་ལས་ རྒྱུན་ཐག་ཚུ་ ཚལ་མ་གིས་སྤུབས་ཏེ་ཡེདཔ་ད་ གནས་སྟངས་དེ་ཡང་ རྒྱུན་ཐག་མཐུད་འབྲེལ་སྡེ་ཚན་གྱིས་ ཉམས་གསོའི་ལཱ་འབད་བའི་སྐབས་ མངོན་གསལ་བྱུང་ཡོདཔ་ཨིན་པས། 

གསར་སྤང་རྫོང་ཁག་ དགའ་སྐྱིད་གླིང་ལུ་ གློག་མེའི་ཀཝ་དང་ གློག་ཐག་ཚུ་ སྤོ་བཤུད་འབད་ཚར་བའི་ཤུལ་ལུ་རྐྱངམ་གཅིག་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གྱིས་ རྒྱུན་ཐག་ཚུ་ སྤོ་བཤུད་འབད་དགོ་པའི་སྐོར་ ཤེས་རྟོགས་བྱུང་ཡོདཔ་ད་ རྒྱུན་ཐག་སྤོ་བཤུད་དང་ བཙུགས་སྒྲིག་གི་ ཟད་འགྲོ་ག་ར་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གྱིས་ འབག་དགོཔ་འཐོན་ཡོདཔ་སྦེ་ སྙན་ཞུ་ནང་བཀོད་ནུག།

གནད་དོན་བརྟག་ཞིབ་༡ པ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ ལུ་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ གློག་མེ་ཞབས་ཏོག་སྡེ་ཚན་ལུ་ ཞུ་ཡིག་བཙུགས་མི་ནང་ ཆུ་བར་ཆུ་ལས་ ཨོ་ལོ་ཁ་གློག་མེ་ཨམ་ཚུན་གྱི་ གློག་ཐག་གི་བསྐྱར་བཀོད་འདི་ ཡིག་ཚང་བཟོ་སྐྲུན་གུ་ལས་ཕོགསཔ་ལས་བརྟེན་ བསྐྱར་བཀོད་སོར་སྒྱུར་འབད་དགོ་པའི་ ཞུ་བ་འབད་ནུག་ཟེར་ཨིན་པས།

གློག་མེ་ཞབས་ཏོག་སྡེ་ཚན་གྱིས་ ཟད་འགྲོའི་སྔོན་རྩིས་དངུལ་ཀྲམ་ས་ཡ་༠.༦༡༦ བཏོན་ཏེ་ འབྲུག་ཨོ་ལོམ་པིག་ཚོགས་པ་ལས་ བསྡུ་ལེན་འབད་ནུག།

གློག་མེ་ཞབས་ཏོག་སྡེ་ཚན་གྱི་ ལས་བྱེདཔ་ཚུ་གིས་ བསྐྱར་བཀོད་སོར་སྒྱུར་འབད་དེ་ གློག་ཐག་ཚུ་ ས་འོག་ལུ་བཙུགས་སྒྲིག་འབད་ཡོདཔ་ཨིན་རུང་ དེའི་སྐོར་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གྱི་ ལས་བྱེདཔ་ཚུ་ལུ་ མ་སླབ་ལས་བརྟེན་ རྒྱུན་ཐག་ཚུ་ སྣང་མེད་སྦེ་ལུས་ནུག་ཟེར་ཨིན་པས།

སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་ཨོ་ལོམ་པིག་ཚོགས་པ་གིས་ གློག་མེ་ཞབས་ཏོག་སྡེ་ཚན་དང་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་གཉིས་ ཡིག་ཚང་གཅིག་གི་འོག་ལུ་ ཚུདཔ་འོང་ནི་མས་ཟེར་མནོ་སྟེ་ ལོག་སྟེ་ར་ ལོ་༡ དེ་ཅིག་གི་ནང་འཁོད་ལུ་ གློག་མེ་ཞབས་ཏོག་སྡེ་ཚན་ལུ་ རྒྱུན་ཐག་ཚུ་ སྤོ་བཤུད་མ་འབད་བར་ ལུས་པའི་སྐོར་ ཉོགས་བཤད་བཀོད་ནུག་ཟེར་ཨིན་པས།

གནད་དོན་འདི་ རྒྱུན་ཐག་མཐུད་སྦྲེལ་སྡེ་ཚན་ལུ་ བཏང་བའི་ཤུལ་ལས་ རྒྱུན་ཐག་ཚུ་ བཟོ་སྐྲུན་གྱི་ས་ཁོངས་ལས་ཕར་ ཚུད་ཡོད་མི་འདི་ སྡེ་ཚན་གྱི་ འགན་འཛིན་པ་ཚུ་གིས་ མངོན་གསལ་བྱུང་ནུག།

དེ་ལས་ རྒྱུན་ཐག་ཚུ་ ས་འོག་བཙུགས་སའི་ས་གོ་མེདཔ་ལས་བརྟེན་ སྡེ་ཚན་གྱིས་ གློག་མེ་ཀཝ་ཐེབས་བཙུགས་ཐོག་ལས་ བསྐྱར་བཀོད་སོར་སྒྱུར་འབད་མི་ལུ་བརྟེན་ ལས་མིའི་གླ་ཆ་དང་ རྒྱུན་ཐག་དང་ གློག་མེའི་ཀཝ་ཚུ་ནང་ ཟད་སོང་དངུལ་ཀྲམ་ས་ཡ་༠.༠༧༠ ཐམ་པ་ ཐེབས་གནས་ཏེ་འདུག། 

གནད་དོན་བརྟག་ཞིབ་ནང་ལས་ ཤེས་རྟོགས་བྱུང་དོ་བཟུམ་ གནས་སྟངས་འདི་གིས་ ལཱ་དང་ ཟད་འགྲོ་ཐེབས་གནས་ཡོདཔ་ལས་ གལ་སྲིད་ སྡེ་ཚན་གཉིས་ཀྱི་བར་ན་ བརྡ་དོན་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ཚུགསཔ་འདྲཝ་ཅིག་ འབད་བ་ཅིན་ དེ་ཚུ་ འཇམ་ཏོང་ཏོ་སྦེ་ བཀག་ཚུགས་ནིའི་གོ་སྐབས་འདུག་ཟེར་ཨིན་པས།

ད་ལྟོའི་ ལཱ་འབད་ཐངས་འདི་ སྡེ་ཚན་གཉིས་ཀྱི་བར་ན་ མཉམ་འབྲེལ་མེད་པར་ རང་སོའི་ ལས་རིམ་སོ་སོར་སྦེ་ བསྟར་སྤྱོད་བའི་རྟགས་མཚན་སྟོན་ཡོདཔ་ལས་ ལཱ་དང་ཐོན་སྐྱེད་ཚུ་ ཆུད་ཟད་འགྱོ་ནིའི་ཉེན་ཁ་སྦོམ་འདུག་ཟེར་ སྙན་ཞུའི་ནང་ གསལ་སྟོན་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *