འབྲུག་གིས་ རྒྱལ་ཁབ་༦ ལས་ འབྱ་སོན་ནང་འདྲེན་འབད་ཚུགས་ནི།

༉ ད་ལས་ཕར་ འབྲུག་གིས་ ལུང་ཕྱོགས་ནང་གི་ རྒྱལ་ཁབ་༦ ལས་ ལེགས་བསྒྱུར་ཅན་གྱི་ སོན་སྣ་ཚོགས་ ནང་འདྲེན་འབད་ཚུགས་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ སོ་ནམ་དྲུང་ཆེན་ རིག་འཛིན་རྡོ་རྗེ་གིས་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཐོག་ལས་ འབྲུག་གིས་ ལུང་ཕྱོགས་རྒྱལ་ཁབ་༦ དང་གཅིག་ཁར་ ས་མཚམས་མེད་པའི་སོན་གྱི་ དཔྱད་གཞི་ནང་ འཛུལ་ཞུགས་འབད་ཡི།
མཉམ་འབྲེལ་བཟོ་མི་ འཐུས་མི་གཞན་ཚུ་ཡང་ བང་ལ་དེཤ་དང་ ཀེམ་བོ་ཌི་ཡ་ རྒྱ་གར་ མི་ཡཱན་མར་ ནེ་པཱལ་ ཤྲཱི་ལངྐ་རྒྱལ་ཁབ་ཚུ་ཨིནམ་ད་ ཆིངས་ཡིག་དེ་ཡང་ རྒྱལ་སྤྱི་འབྱ་ཞིབ་འཚོལ་གཙུག་སྡེའི་ འགོ་འདྲེན་ཐོག་ལུ་ དང་པ་ར་ བང་ལ་དེཤ་དང་ རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ སྤྱི་ལོ་༢༠༡༣ ལུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
ཆིངས་ཡིག་དེ་ཡང་ འབྱ་སོན་ལས་ འགོ་བཙུགས་ཡོདཔ་ད་ ལོ་ཐོག་གཞན་ཡང་ གེ་ཟ་དང་ ཀར་ ཚོད་བསྲེ་ཚུ་ཡང་ མ་འོངས་པ་ལུ་ ཆིངས་ཡིག་ནང་ བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
སོ་ནམ་ལས་ཁུངས་ཀྱི་མདོ་ཆེན་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ སོན་བརྗེ་སོར་འབད་ནིའི་ གན་ཡིག་དེ་གིས་ རྒྱལ་ཁབ་ཚུ་གི་བར་ན་ དམིགས་བསལ་གྱི་ ཐོན་ཤུགས་ཆེ་བའི་ འབྱ་སོན་ཚུ་ བརྗེ་སོར་འབད་ནིའི་ གོ་སྐབས་འཐོབ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཆིངས་ཡིག་དེ་ལུ་བརྟེན་ སོན་སྣ་ཚོགས་བཟོ་བསྒྱུར་འབད་ནིའི་དོན་ལུ་ མཐུན་རྐྱེན་དཀོན་དྲགས་དང་ ལྕོགས་གྲུབ་ཉུང་སུ་ཡོད་མི་ འབྲུག་བཟུམ་མའི་ རྒྱལ་ཁབ་ཀྱིས་ འཐུས་མི་རྒྱལ་ཁབ་གཞན་ཚུ་ལས་ སོན་ཚུ་ལེན་ཚུགས་ནི་ཨིནམ་ལས་ ཁེ་ཕན་སྦོམ་འབྱུང་ཚུགས་ཟེར་ མོ་གིས་ བཤད་ཅི།
ཆིངས་ཡིག་དེ་ནང་ རང་བཞིན་གྱི་སོན་དང་ འབྱ་རིགས་བསྲེས་ཏེ་བཟོ་མི་ སོན་ཚུ་ཡང་ ཚུད་དོ་ཡོདཔ་ད་ ལོ་ཐོག་གི་ རྒྱུ་དངོས་རིག་རྩལ་དབང་ཁྱབ་ཀྱི་ གནད་དོན་ལུ་བརྟེན་ སོན་རིགས་ཚུ་ ཐོབ་མ་ཚུགས་པའི་ གདོང་ལེན་ཡོད་རུང་ ཆིངས་ཡིག་དེ་གིས་ མོས་མཐུན་བྱུང་མི་ རྒྱལ་ཁབ་ཚུ་གི་བར་ན་ ཚོང་འབྲེལ་འཐབ་ནིའི་ འབྱ་སོན་རིགས་ཚུ་ བརྗེ་སོར་འབད་དེ་ ཐོན་སྐྱེད་དང་ འཚོ་བ་ཡུན་བརྟན་བཟོ་ཚུགས་ཟེར་ མདོ་ཆེན་གྱིས་ བཤད་ཅི།
ཆིངས་ཡིག་གི་ དམིགས་དོན་གཙོ་བོ་ར་ འཐུས་མི་རྒྱལ་ཁབ་ཚུ་གིས་ རང་སོའི་རྒྱལ་ཁབ་ཀྱི་ སོ་ནམ་པ་དང་ བཟའ་སྤྱོད་འབད་མི་ དེ་ལས་ ཐོན་སྐྱེད་འབད་མི་ཚུ་གི་ ཁེ་ཕན་ལུ་དམིགས་ཏེ་ ལེགས་བསྒྱུར་འབད་མི་ སོན་རིགས་ཚུ་ བརྗེ་སོར་འབད་ཐབས་ལུ་ཨིན་པས།
སོ་ནམ་ལས་སྡེ་ཡར་དྲག་གཏང་ནི་དང་ འཚོ་བ་ཡུན་བརྟན་བཟོ་ནི་ དེ་ལས་ ཟས་བཅུད་ཡུན་བརྟན་བཟོ་ཐབས་ལུ་ ཆིངས་ཡིག་དེ་ལས ཁེ་ཕན་ལེན་ནི་ཟེར་ མདོ་ཆེན་ཀུན་ལེགས་ཚེ་རིང་གིས་ བཤད་ཅི།
བང་ལ་དེཤ་ལུ་ཡོད་མི་ རྒྱལ་སྤྱི་འབྱ་ཞིབ་འཚོལ་གཙུག་སྡེའི་ངོ་ཚབ་ ཧུམ་ནཱཊ་ བཱན་ད་རི་གིས་ དཔང་པོ་སྦེ་ ཆིངས་ཡིག་གུ་ མིང་རྟགས་བཀོད་ཅི།
གཙུག་སྡེ་དང་ འབྲུག་གི་བརན་ སྤྱི་ལོ་༡༩༨༠ ལས་ འབྱ་འཛུགས་སྐྱོང་ལམ་ལུགས་ཐོག་ལས་ མཐུན་ལམ་འགོ་བཙུགས་ཡོདཔ་ད་ ལས་རིམ་དེ་གིས་ ཕི་ལི་པིནསི་ལུ་ཡོད་མི་ ལེགས་བསྒྱུར་ཅན་གྱི་ འབྱ་སོན་ཚུ་ རྒྱལ་ཁབ་ནང་ འབག་འོང་སྟེ་ འབྱ་སོན་རིགས་མ་འདྲཝ་ཚུ་ བཀྲམ་སྤེལ་འབད་དེ་ཡོདཔ་ཨིན་པས།
ཆིངས་ཡིག་ནང་ འཐུས་མི་རྒྱལ་ཁབ་ཚུ་གིས་ འབྱ་སོན་ཚུ་ ག་དེ་སྦེ་ བརྗེ་སོར་འབད་ནི་ཨིན་ན་དང་ ག་ཅི་ར་ འབད་མ་ཆོགཔ་ཨིན་ན་ཚུ་ བཀོད་དེ་ཡོདཔ་ཨིན་པས།
ཆིངས་ཡིག་དེ་གིས་ རེད་ངོ་མ་ལས་ དེང་སང་གི་ འཕྲུལ་རིག་ཐོག་ལས་ ལེགས་ལྡན་བཟོ་མི་ སོན་རིགས་ཚུ་ མི་འགབ་ནི་ཨིནམ་ད་ རྒྱུས་དངོས་རིག་རྩལ་དབང་ཁྱབ་དང་འབྲེལ་བའི་ གནད་དོན་ཚུ་ཡང་ གྲོས་བསྟུན་དང་ མོས་མཐུན་གྱི་ གན་ཡིག་ཐོག་ལས་ ཐག་བཅད་ནི་ཨིན་པས།
འབྱ་སོན་ཚུ་དང་འབྲེལ་བའི་ གནས་སྟངས་རེ་ཐོན་ཚེ་ འཐུས་མི་རྒྱལ་ཁབ་དེ་གིས་ མོས་མཐུན་ཐོག་ལས་ མཉམ་འབྲེལ་ཆིངས་ཡིག་ནང་ལས་ ཕྱིར་བཏོན་འབད་ནིའི་ དབང་ཆ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *