འབྲུག་གིས་ ཟླཝ་༦ གི་ནང་འཁོད་ལུ་ ཆུམ་མེ་ཊིག་ཊཱན་༤༢,༥༥༤ ནང་འདྲེན་འབད་ཡོདཔ།

༉ གཞུང་གི་ཁ་ཐུག་ལས་ ནང་འདྲེན་མར་ཕབ་ཀྱི་ ཐབས་ཤེས་སྣ་ཚོགས་ བཏོན་ཡོད་རུང་ དུས་ཅི་ སྤྱི་ཟླ་དང་པ་ལས་༦ པ་ཚུན་གྱི་ ནང་འཁོད་ལུ་ར་ འབྲུག་གིས་ རྒྱ་གར་རྒྱལ་ཁབ་ལས་ དངུལ་ཀྲམ་ས་ཡ་༡,༠༦༣ གནས་པའི་ ཆུམ་མེ་ཊིག་ཊཱན་༤༢,༥༥༤ དེ་ཅིག་ ནང་འདྲེན་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ བརྒྱ་ཆ་༡༢ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ ལོ་དེ་ནང་ ཆུམ་མེ་ཊིག་ཊཱན་༣༧,༧༣༦ དེ་ཅིག་ ནང་འདྲེན་འབད་མི་ལུ་ ཟད་འགྲོ་དངུལ་ས་ཡ་༩༦༦ བཏང་ནུག།
དེ་བཟུམ་སྦེ་ འདས་པའི་ཟླཝ་༦ གི་ ནང་འཁོད་ལུ་ ཤ་གི་རིགས་དང་ བཟའ་ཆས་ ཚོད་མའི་ནང་བླུགས་ནི་གི་ མར་ཁུ་(ཚོད་སྡོར) ཚུ་ ནང་འདྲེན་འབད་མི་དེ་ཡང་ བརྒྱ་ཆ་༡༤ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ ཤ་རིགས་མེ་ཊིག་ཊཱན་༣,༣༣༠ དང་ ཚོད་སྡོར་མེ་ཊིག་ཊཱན་༥,༧༨༡ དེ་ཅིག་ ནང་འདྲེན་འཐབ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གསར་བཏོན༌འབད་མི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ གནས་སྡུད་དང་འཁྲིལཝ་ད་ ནང་ཧིང་གི་ ལོ་ཕྱེད་ནང་ ཤ་རིགས་མེ་ཊིག་ཊཱན་༢,༨༩༣ དང་ ཚོད་སྡོར་མེ་ཊིག་ཊཱན་༥,༥༥༦ དེ་ཅིག་ ནང་འདྲེན་འབད་ནུག་ཟེར་ཨིན་པས།
ཤིང་འབྲས་ནང་འདྲེན་གྱི་ཐད་ལུ་ ཟླཝ་༦ གི་ནང་འཁོད་ལུ་ མེ་ཊིག་ཊཱན་༡,༩༦༦ འབདཝ་ད་ བརྒྱ་ཆ་༡༣ དེ་ཅིག་ ཡར་སེང་སོང་པའི་ཁར་ ཕྱེ་རིགས་ནང་འདྲེན་དེ་ཡང་ བརྒྱ་ཆ་་༠.༩ དེ་ཅིག་ ཡར་འཕར་སོང་ནུག་ཟེར་ གནས་སྡུད་ནང་བཀོད་ནུག།
ཨིན་རུང་ ཚོད་བསྲེ་རློནམ་དང་ སྒོ་ནོར་ཐོན་སྐྱེད་ དེ་ལས་ ཚོད་བསྲེ་སྐམ་ཚུ་ ནང་འདྲེན་བར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༨ ལུ་ ཚོད་བསྲེ་མེ་ཊིག་ཊཱན་༡༧,༨༥༥ ནང་འདྲེན་འབད་མི་ལས་ ད་རེས་ མེ་ཊཱོག་ཊཱན་༡༠,༤༥༥ འབདཝ་ད་ བརྒྱ་ཆ་༤༡ མར་བབས་སོང་ནུག།
སྒོ་ནོར་ཐོན་སྐྱེད་ཀྱི་ཐད་ཁར་ ནང་འདྲེན་རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་མི་དེ་ཡང་ དུས་ཅི་ ལོ་ཕྱེད་ཚུན་ སྒོ་ནོར་ཐོན་སྐྱེད་ མེ་ཊིག་ཊཱན་༢,༣༨༩ འབདཝ་ད བརྒྱ་ཆ་༧༨ དེ་ཅིག་ མར་བབས་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལུ་ ཐོན་སྐྱེད་མེ་ཊཱིག་ཊཱན་༡༡,༡༣༨ དེ་ཅིག་ ནང་འདྲེན་འབད་ནུག།
དེ་བཟུམ་སྦེ་ ཤིང་འབྲས་སྐམ་དང་ ཨེ་མ་ གསལ་བྱེད་ཚྭ་ གུ་རམ་ནང་འདྲེན་དེ་ཡང་ བརྒྱ་ཆ་༢༦ དེ་ཅིག་ མར་བབས་སོང་པའི་ཁར་ ཨེ་མ་མེ་ཊིག་ཊཱན་༢༡༣ ནང་འདྲེན་འབད་མི་དེ་ཡང་ བརྒྱ་ཆ་༡༥ དེ་ཅིག་ མར་བབས་སོང་ནུག།
གསལ་བྱེད་ཚྭ་གི་ཐད་ཁར་ དུས་ཅི་ སྤྱི་ཟླ་དང་པ་ལས་ ཟླ་༦ པའི་ནང་འཁོད་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༢༡ གནས་པའི་ ཚྭ་མེ་ཊིག་ཊཱན་༣,༣༨༤ དང་ སྤྱི་ལོ་༢༠༡༨ ལུ་འབད་བ་ཅིན་ མེ་ཊིག་ཊཱན་༣,༩༨༡ ནང་འདྲེན་འབད་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
གུ་རམ་ནང་འདྲེན་ བརྒྱ་ཆ་༨.༥ མར་བབས་སོང་མི་དེ་ཡང་ ལོ་ཕྱེད་ནང་ གུ་རམ་མེ་ཊིག་ཊཱན་༥,༥༥༠ ལས་བརྒལ་ ནང་འདྲེན་མ་འབད་མི་ལུ་བརྟེན་ཨིན་པས།
གནས་སྡུད་གསར་བཏོན་དེ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ དབྱེ་ཞིབ་ཐོག་ བྱིན་ཡོད་མི་ལུ་ གཞི་བཞག་སྟེ་འབད་མི་དེ་ཡང་ ནང་འདྲེན་འབད་ཡོད་པའི་ ཡར་སེང་མར་འབབ་ཚུ་ བལྟ་ནིའི་དོན་ལུ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *