འབྲུག་གིས་ ཚོད་བསྲེའི་རིགས་༧ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ཚུགས་ནི།

༉ འབྲུག་པའི་སོ་ནམ་པ་དང་ ཕྱིར་ཚོང་འཐབ་མི་ཚུ་གིས་ འཕྲལ་མགྱོགས་ར་ སོ་ནམ་གྱི་ཐོན་སྐྱེད་ཚུ་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ཚུགས་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ རྒྱ་གར་གྱི་ གཞུང་ཚབ་ཡིག་ཚང་གིས་ དམིགས་བསལ་གྱི་ ཐབས་ལམ་ཅིག་སྦེ་ འབྲུག་གི་ དོན་ལུ་ རྒྱ་གར་གཞུང་གིས་ ཚོད་བསྲེའི་རིགས་༧ ཇའི་སྒང་ལུ་ཡོད་མི་ སྔོ་ཤིང་ཟུར་བཞག་ལྟེ་བ་བརྒྱུད་དེ་ ནང་འདྲེན་འབད་ནི་ཨིན་པའི་སྐོར་ལས་ ཕྱི་འབྲེལ་ལྷན་ཁག་ལུ་ བརྡ་སྐུལ་འབད་ཡོདཔ་ཨིན་པས།

དེ་ཡང་ ཨེ་མ་དང་ སྲནམ་ཅུམ་ འདབ་མ་ཀོ་པི་ མེ་ཏོག་ཀོ་པི་ ལ་ཕུག་དམརཔོ་ བོད་སྲནམ་ དེ་ལས་ སྲནམ་གྱི་རིགས་ཚུ་ཨིནམ་ད་ ཚོད་བསྲེ་དེ་ཚུ་ སྤྱི་ལོ་༢༠༠༣ གྱི་ བཀའ་རྒྱ་ནང་ཡོད་མི་ རྒྱ་གར་ལུ་ ནང་འདྲེན་འབད་མི་ རྡོག་མ་དང་ ཚལ་ལུ་ ཨེ་པཱལ་ ས་སྒ་ དེ་ལས་ ཀེ་བ་ཚུ་ མ་ཚུདཔ་ཨིན་པས།

སྔོ་ཤིང་ཟུར་བཞག་འབད་ནིའི་ བཀའ་རྒྱ་དང་འཁྲིལཝ་ད་ སྔོ་ཤིང་དང་ སྔོ་ཤིང་གི་ཐོན་སྐྱེད་ཚུ་ རྒྱ་གར་ལུ་ ནང་འདྲེན་དང་བཀག་ཆ་ཚུ་ འབདཝ་ཨིན་པས།

ཐོན་སྐྱེད་ཚུ་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ རྒྱ་གར་གཞུང་གིས་ ཇའི་སྒང་ལུ་ཡོད་མི་ ལྟེ་བ་དེ་ནང་ ཉམས་སྲུང་འགོ་དཔོན་ཅིག་བཙུགས་ཏེ་ཡོདཔ་ད་ རྒྱ་གཞུང་གིས་ ཀེ་བ་ནང་འདྲེན་དེ་ཡང་ ཆོག་ཐམ་མེད་རུང་ སྤྱི་ལོ་༢༠༢༢ ཟླ་༦ པའི་ཚེས་༢༠ ཚུན་ ནང་འདྲེན་འབད་ནི་ཨིན་ཟེར་ ཡང་བསྐྱར་སླབ་ཡོདཔ་ཨིན་པས།

རྒྱ་གར་ལུ་ ཕྱིར་ཚོང་འཐབ་ནི་ལས་ མཚམས་འཇོག་དེ་ཡང་ རྒྱ་ཆེ་དྲགས་སྦེ་ ཐོན་སྐྱེད་འབད་བའི་དུས་ཚོད་ནང་ འབད་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་སྦོམ་ བྱུང་ཡོདཔ་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཟླཝ་༡ དེ་ཅིག་གི་ཧེ་མ་ལས་ ཕྱིར་ཚོང་མཚམས་འཇོག་འབད་ཡོདཔ་ ལས་ བསམ་རྩེའི་སོ་ནམ་པ་ཚུ་ལས་བསྡུ་མི་ ས་སྒ་མེ་ཊིག་ཊཱོན་༧.༦ དེ་ཅིག་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ས་ཁོངས་ནང་ གསོག་འཇོག་འབད་ཡོདཔ་ཨིན་པས།

དེ་མ་ཚད་ འདབ་མ་ཀོ་པི་འཛུགས་སྐྱོང་འབད་མི་ སྤ་རོ་ཟླ་བ་ཁ་དང་ ནགས་རྒྱ་རྒེད་འོག་གི་ སོ་ནམ་པ་ཚུ་ཡང་ ཚོང་འབྲེལ་འཐབ་མ་ཚུགས་པའི་ གདོང་ལེན་ཚུ་ བྱུང་སྟེ་ཡོདཔ་ཨིན་པས།

སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཕུན་ཚོགས་གླིང་གི་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་གཏང་བའི་ཤུལ་ལས་ ཕྱིར་ཚོང་འཐབ་ནི་དེ་ ལོག་སྟེ་འགོ་བཙུགས་འོང་ཟེར་ བཤད་ཡོདཔ་ཨིན་པས།

ལོག་སྟེ་ ཕྱིར་ཚོང་འགོ་བཙུགས་མི་དེ་ཡང་ འབྲུག་པའི་སོ་ནམ་པ་ཚུ་ལུ་ གྲོགས་རམ་འབད་ནིའི་དོན་ལུ་ གནས་སྐབས་ཀྱི་ཐབས་ལམ་ཅིག་སྦེ་ཨིན་ཟེར་ ཁོ་གིས་བཤད་ཡོདཔ་ད་ གཞུང་གིས་ཡང་ ཐོན་སྐྱེད་ཚུ་ ལོག་ཉོ་ཞིནམ་ལས་ རྒྱལ་ཁབ་ནང་འཁོད་ལུ་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།

གཞུང་གིས་ ཀེ་བ་དང་ ཨ་ལཱན་ཅི་ རྡོག་མ་ ས་སྒ་ འདབ་མ་ཀོ་པི་ སྲནམ་ཅུམ་ ལ་ཕུག་དམརཔོ་ གེ་ཟ་ རེད་ཚུ་ ལོག་ཉོ་ནིའི་ལས་རིམ་ཐོག་ལས་ ཉོ་དོ་ཡོདཔ་ཨིན་པས།

རྒྱལ་ཡོངས་ལོ་ཐོག་བསྡུ་གསོག་ལྟེ་བ་དང་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་ དེ་ལས་ སྒེར་གྱི་བཟོ་གྲྭ་ལས་སྡེ་ཚུ་གིས་ཡང་ སོ་ ནམ་གྱི་ཐོན་སྐྱེད་ཚུ་ ཉོ་དོ་ཡོདཔ་ཨིན་པས།

འབྲུག་བཟའ་སྤྱོད་ལས་འཛིན་བརྒྱུད་དེ་ ལོ་བསྟར་བཞིན་དུ་ ཀེ་བ་མེ་ཊིག་ཊཱོན་༢༥,༠༠༠ ལས་༣༢,༠༠༠ དང་ ཚོད་བསྲེ་མེ་ ཊིག་ཊཱོན་༣,༥༠༠ ལས་༥,༠༠༠ འི་བར་ན་ ཕྱིར་ཚོང་འཐབ་དོ་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *