བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་ ཁྲིམས་སྤྱི་བློན་པོ་ཚེ་རིང་དབང་ཕྱུག་ རྒྱལ་ཁབ་ནང་གླིང་འཛིན་པ་ འགོ་དང་པ་སྦེ་ཕྱག་ཞུ་མི་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་དང་ སོ་ནམ་བློན་པོ་བགྲེསཔ་ཀུན་བཟང་རྡོ་རྗེ་ དེ་ལས་ བློན་པོ་དང་ ནགས་ཚལ་གླིང་འཛིན་པ་ཚུ།

འབྲུག་གིས་ ཚེ་འདས་གླིང་འཛིན་པ་ཚུ་ལུ་ གུས་བཏུད་ཞུ་ཡོདཔ།

༉ ནགས་ཚལ་གླིང་འཛིན་པ་ཚུ་གིས་ རྒྱལ་ཁབ་ཀྱི་ རང་བཞིན་ཐོན་སྐྱེད་དང་ རི་དྭགས་སེམས་ཅན་ཚུ་ ཉམས་སྲུང་འབད་ནི་ལུ་ གཙོ་བོར་བཏོན་ཏེ་ ལཱ་འབད་བའི་ ངོས་ལེན་ལུ་ ཁ་ཙ་ འབྲུག་གིས་ འགོ་དང་པ་ འཛམ་གླིང་གླིང་འཛིན་པའི་ ཉིནམ་བརྩི་སྲུང་འབད་ཡི།
སྤྱི་ལོ་༡༩༩༠ ལས་བཟུང་སྟེ་ ད་ཚུན་གྱི་བར་ན་ གླིང་འཛིན་༡༣ ལུ་ ཤི་རྐྱེན་དང་༡༡ ལུ་ རྨ་སྐྱོན་བྱུང་མི་ཚུ་གི་ རྗེས་དྲན་ལུ་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ ཉིནམ་བརྩི་སྲུང་འབད་སར་ རྒྱལ་ཁབ་ནང་འཁོད་ཀྱི་ གླིང་འཛིན་ཡིག་ཚང་ཁག་ལས་ གླིང་འཛིན་པ་༣༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཅི།
དེ་བསྒང་ སྤྱི་ལོ་༢༠༠༡ ལུ་ རྒྱལ་འཛིན་མ་ནཱསི་གླིང་ཁའི་ གླིང་འཛིན་པ་དང་ ནགས་ཚལ་སྲུང་རྒྱབ་ སྡེ་ཚན་ཅིག་ མ་ནཱསི་ལས་ དགེ་ལེགས་ཕུག་གླིང་ཁ་ཡིག་ཚང་ལྟེ་བ་ལུ་ ལོག་འོངམ་ད་ མི་ངན་ཚུ་གིས་ རྐུ་གསོད་རྐྱབ་སྟེ་ གླིང་འཛིན་པ་༦ བསད་མི་ཚུ་གི་ རྗེས་དྲན་ཡང་འབད་ཡོདཔ་ད་ ཚེ་འདས་གླིང་འཛིན་པ་ཚུ་ཡང་ སངས་རྒྱས་དཔལ་འབྱོར་དང་ བསྟན་འཛིན་ ཀརྨ་རྒྱལ་མཚན་ རྡོ་རྗེ་དབང་ཕྱུག་ ཚེ་བརྟན་རྡོ་རྗེ་ཚུ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༨ ལུ་ བསམ་རྩེ་ཕིབ་སུ་རི་དྭགས་སེམས་ཅན་གླིང་ཁའི་ གླིང་འཛིན་སྡེ་ཚན་༡ ལུ་ མི་ངན་ཚུ་གིས་ རྐུ་གསོད་རྐྱབ་སྟེ་ གླིང་འཛིན་པ་ ཚེ་དབང་ནོར་བུ་དང་ དབང་ཕྱུག་ དེ་ལས་ ཀི་རཱན་ བར་མཱན་ཚུ་ བསད་ཡོད་རུང་ ལའི་དྲ་འབྲུག་པ་དང་ རན་ཇིཊ་ མོང་གར་༢ མི་ངན་ཚུ་ལས་ བྱོག་ཐལ་ཏེ་ ད་ལྟོ་ གླིང་འཛིན་པ་སྦེ་ ཕྱག་ཞུཝ་ཨིན་པས།
ད་རུང་ སྤྱི་ལོ་༢༠༡༥ ལུ་ གླིང་འཛིན་པ་༡ ལ་སྡུག་ཐོག་སྟེ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་༡ རྒྱལ་ཡོངས་ནགས་ཚལ་གྱི་ ཐོ་འཛིན་འབད་བའི་སྐབས་ བྱ་གཟར་དྲགས་གུ་ལས་ འགྱེལ་ཏ་རྐྱབ་སྟེ་ ཤི་རྐྱེན་བྱུང་ནུག།
ཉིནམ་བརྩི་སྲུང་དང་འབྲེལ་ གླིང་འཛིན་པ་ཚུ་གིས་ ནགས་ཚལ་གྱི་ལཱ་ལུ་ བརྩོན་ཤུགས་དང་ དད་དམ་གྱི་ཐོག་ལས་ རང་བཞིན་ཐོན་སྐྱེད་ཚུ་ ཉམས་སྲུང་འབད་བའི་ ངལ་རངས་ཀྱི་ གཟེངས་བསྟོད་ཚུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གནང་ཡོདཔ་ད་ གླིང་འཛིན་༩༦ གིས་ ལོ་༣༠ དེ་ཅིག་གི་རིང་ གླིང་འཛིན་པ་སྦེ་ ཕྱག་ཞུ་མི་ལུ་ ངལ་རངས་ཀྱི་ ལག་ཁྱེར་ཚུ་ གནང་པའི་ཁར་ རྒྱལ་ཁབ་ནང་ གྲོང་སྡེ་ནགས་ཚལ་༦༩༣ ཡོད་ས་ལས་ གྲོང་སྡེ་ནགས་ཚད་༡༥ ལུ་ དཔེ་སྟོན་གྱི་ ནགས་ཚལ་སྦེ་ ངོས་འཛིན་འབད་ཡི།
སོ་ནམ་དང་ ནགས་ཚལ་དྲུང་ཆེན་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ རྒྱལ་ཁབ་ཀྱི་ ས་ཆ་བརྒྱ་ཆ་༧༢ ནགས་ཚལ་གྱིས་ ཁྱབ་སྟེ་ཡོད་པའི་ཁར་ བརྒྱ་ཆ་༥༡ རི་དྭགས་སེམས་ཅན་གྱི་ སྲུང་སྐྱོབ་ས་ཁོངས་སྦེ་ ངོས་འཛིན་འབད་དེ་ཡོདཔ་ལས་ དེ་ནང་ སྤུས་ཚད་ཅན་གྱི་ སྐྱེ་ལྡན་དང་ རི་དྭགས་སེམས་ཅན་ཚུ་ འཁྱམས་ཏེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ནགས་ཚལ་ནང་ སྐྱེ་ལྡན་རིགས་སྣ་༥༦,༠༠ ཡོད་མིའི་གྲས་ལས་ ཨེ་ཏོག་མེ་ཏོག་གི་ ཤིང་མ་འདྲཝ་༦༤ དང་ ཨོ་ལ་ཚེ་རིགས་སྣ་༤༢༣ ཡོད་པའི་ཁར་ ལ་ལོ་ཅིག་ ད་ལྟོ་ ཐོ་བཀོད་འབད་མ་ཚུགས་པར་འདུག་ཟེར་ དྲུང་ཆེན་གྱིས་ བཤད་ཅི།
བློན་ཆེན་གྱིས་ ཤིང་སྣ་མེན་པའི་ ནགས་སྐྱེས་རིགས་༤༡༡ དང་ སྔོ་དྲེག་༢༣༢ དེ་ལས་ ཤ་མུའི་རིགས་༣༢༩ དེ་ཅིག་ འབྲུག་གི་ནགས་ཚལ་ནང་ཡོད་ཟེར་ གསུངས་ཡི།
གླིང་འཛིན་པ་ཚུ་གིས་ ཐོ་བཀོད་འབད་མི་དང་ མ་འབད་མིའི་ ནགས་ཚལ་གྱི་ ཐོན་སྐྱེད་ཚུ་ སྲུང་སྐྱོབ་འབད་དོ་ཡོདཔ་བཞིན་དུ་ ད་རེས་ རྒྱལ་ཁབ་ཀྱི་ ནགས་ཚལ་ནང་ ཨོ་འཐུང་སྲོག་ཆགས་༢༠༠ ཡོད་ས་ལས་ གཅན་གཟན་སྟག་༡༠༣ དང་ གངས་གཟིག་༩༦ ཉ་རིགས་༩༦ དེ་ལས་ བྱ་རིགས་༧༧༠ དེ་ཅིག་ཡོདཔ་ཨིན་པས།
གླིང་འཛིན་པ་ཚུ་གིས་ རི་དྭགས་སེམས་ཅན་ཚུ་གི་ རྒྱུན་ལམ་དང་ རི་དྭགས་སེམས་ཅན་སྲུང་སྐྱོབ་ས་ཁོངས་ ཉེན་སྲུང་འབད་མི་དང་ ནགས་ཚལ་མེ་རྐྱེན་ཤོར་བའི་སྐབས་ ཚད་འཛིན་འབད་མི་ལུ་བརྟེན་ ཁོང་ལུ་ ངོས་འཛིན་འབད་དགོཔ་དེ ཁག་ཆེ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཉིནམ་བརྩི་སྲུང་དང་འབྲེལ་ འབྲུག་གི་གླིང་འཛིན་ཚོགས་སྡེ་དང་ འབྲུག་གླིང་འཛིན་དུས་དེབ་ དེ་ལས་ གླིང་འཛིན་བརྡ་དོན་ཐོན་སྐྱེད་འཛིན་སྐྱོང་ལམ་ལུགས་ཚུ་ གསར་བཏོན་འབད་ཡོདཔ་ད་ དུས་དེབ་ཚུ་ཡང་ ལོ་བསྟར་བཞིན་དུ་ གསར་བཏོན་འབད་ནི་ཨིན་པས།
གླིང་འཛིན་པ་ ཨོ་རྒྱན་ཚེ་རིང་གིས་ ད་རེས་ གླིང་འཛིན་པ་ཚུ་ལུ་ གཞུང་འབྲེལ་ཐོག་ལས་ ཁོང་རའི་ཞབས་ཏོག་ལུ་ ངོས་འཛིན་འབད་མི་ལུ་ སེམས་དགའ་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ ལྷག་པར་དུ་ རྩ་འགེངས་ཏེ་ ལཱ་འབད་ནི་གི་སེམས་ཤུགས་ཐོབ་ཅི་ཟེར་ བཤདཔ་ཨིན་པས།
པར་བཏབ་མི་སྦེ་ ལཱ་འབད་མི་ བསོད་ནམས་ཕུན་ཚོགས་ཀྱིས་ ཤིང་བཙུགས་མི་ལུ་བརྟེན་ སྤྱི་ལོ་༢༠༡༠ ལུ་ འཇིགས་མེད་སེངྒེ་དབང་ཕྱུག་གཟེངས་བསྟོད་ལག་ཁྱེར་ཐོབ་ཡོདཔ་མ་ཚད་ ད་རེས་ཡང་ ངལ་རངས་ཀྱི་ ལག་ཁྱེར་ཐོབ་ཅི།
ཁོ་གིས་འབད་བ་ཅིན་ ཤིང་བཙུགས་ནི་དེ་ ཁོ་ར་ ཆུང་ཀུ་བསྒང་ལས་ སྤྲོ་བ་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ཚོད་ ཁོ་ར་རྐྱངམ་གཅིག་གིས་ ཤིང་༡,༠༠༠ དེ་ཅིག་ བཙུགས་ཅི་ཟེར་ཨིན་པས།
འཛམ་གླིང་གླིང་འཛིན་གྱི་ ཉིནམ་དེ་ཡང་ སྤྱི་ལོ་༢༠༠༧ ལུ་ རྒྱལ་སྤྱི་གླིང་འཛིན་ཚོགས་སྡེ་ ལོ་༡༥ འཁོར་བའི་ དུས་སྟོན་དང་འབྲེལ་ བརྩི་སྲུང་འབད་ཡོདཔ་ད་ ཚོགས་སྡེ་ཡང་ རང་བཞིན་གནས་སྟངས་དང་ སྔར་སྲོལ་ལམ་ལུགས་ གོང་འཕེལ་བཏང་བའི་ ཁེ་མེན་ལས་སྡེ་ཅིག་ཨིན་པས།
ཉིནམ་དེ་ཡང་ ད་ལས་ཕར་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་ནི་ཨིནམ་ད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ ནགས་ཚལ་གླིང་འཛིན་པ་༡,༥༠༠ དེ་ཅིག་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *