ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གཞུང་གི་གཏན་འཇགས་སྐུ་ཚབ་ སྒྲོལ་མ་ཚེ་རིང་གིས་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་ ཡིག་འཛིན་རྩིས་སྤྲོད་པའི་བསྒང་།

འབྲུག་གིས་ མང་ཕྱོགས་ཆིངས་ཡིག་གྲངས་སུ་ འཛུལ་ཞུགས་འབད་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཚུ་གི་དོན་ལུ་ རྒྱལ་སྤྱི་མཁས་པའི་སྡེ་ཚོགས་ཅིག་ གཞི་བཙུགས་ཀྱི་ མང་ཕྱོགས་ཆིངས་ཡིག་གྲངས་སུ་ འཐུས་མི་རྒྱལ་ཁབ་༡༢ པ་སྦེ་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ ནིའུ་ཡོག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གཞུང་གི་གཏན་འཇགས་སྐུ་ཚབ་ སྒྲོལ་མ་ཚེ་རིང་གིས་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་ ཡིག་འཛིན་བཙུགས་ཡོདཔ་ཨིན་པས།
གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་༣༢ ཀྱི་ སྤྱིར་བཏང་མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ ཐོ་སྦོམ་སྦེ་ར་ཕོག་མིའི་ རྒྱུ་རྐྱེན་གཙོ་བོ་ར་ མཚོ་དང་འབྲེལ་བའི་ ས་ཁོངས་ནང་ འགྱོ་ནི་གི་ གོ་སྐབས་མེད་མི་དང་ རྒྱལ་སྤྱི་ཚོང་འབྲེལ་ཁང་ཚུ་ལས་ མཐའ་ཟུར་ཡོད་པའི་ཁར་ སྐྱེལ་འདྲེན་གྱི་ ཟད་འགྲོ་ལྕི་དྲགས་གནས་ནི་དེ་གིས་ཨིན་པས།
ནིའུ་ཡོག་ལས་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ མང་ཕྱོགས་ཆིངས་ཡིག་བཀོད་མིའི་ནང་ འབྲུག་འདི་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་དེ་གིས་ གཙུག་སྡེ་དང་འབྲེལ་བའི་ ཁྲིམས་ཀྱི་གཞི་རྩ་ཚུ་ལུ་ རྒྱབ་སྐྱོར་སྒྲིང་སྒྲི་ཡོད་པའི་ བརྡ་མཚོན་སྟོནམ་བཞིན་དུ་ ཁྲིམས་ཀྱི་གཞི་རྩ་ཚུ་གིས་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཚུ་ལུ་ བི་ཡ་ན་ལག་ལེན་ལས་རིམ་ བསྟར་སྤྱོད་འབད་ནིའི་དོན་ལུ་ ཕན་ཚུན་གཞུང་ནང་འཁོད་ཀྱི་ མཉམ་འབྲེལ་རྩ་བརྟན་བཟོ་ནི་ཨིན་པས།
མང་ཕྱོགས་ཆིངས་ཡིག་དེ་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ཚེས་༦ ལུ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ད་ འབྲུག་གི་དོན་ལུ་ ཁྲིམས་མཐུན་བསྟར་སྤྱོད་དེ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ལུ་ འཛུལ་ཞུགས་ཀྱི་ ཡིག་འཛིན་ཕུལ་ཏེ་ ཉིན་གྲངས་༦༠ གི་ཤུལ་ལས་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཡོངས་འབྲེལ་ཐོག་ལས་ རྒྱལ་སྤུང་སྟེ་ རྩེདམོ་རྩེད་མི་ཚུ་ བཀག་འཛིན་འབད་དགོཔ།

༉ རྒྱལ་སྤུང་སྟེ་ ཤོ་ཏ་སི་རྩེད་ནི་ལུ་ ལང་ཤོར་ཐལ་མི་ཚུ་གིས་ རང་གི་རྒྱུ་དངོས་མ་ཚད་ ཕམ་གྱི་རྒྱུ་དངོས་ཡང་ བརླག་བཏང་པའི་ཁར་ ཐ་ན་ གཉེན་གྲོགས་དང་ཡང་མ་འཆམ་པར་ བར་ན་བུ་གཞི་ཚུ་གི་ མི་ཚེ་མེདཔ་བཏང་མི་ ལེ་ཤ་འདུག། ཡོངས་འབྲེལ་ཐོག་ལས་ རྒྱལ་སྤུང་སྟེ་ རྒྱལ་འགྲན་རྩེད་ནི་དེ་ …

Leave a Reply

Your email address will not be published. Required fields are marked *