འབྲུག་གིས་ བང་ལ་དེཤ་གི་ རྒྱལ་རབས་ཅན་གྱི་དུས་སྟོན་བརྩི་སྲུང་ཚུ་ནང་ གྲལ་གཏོགས་འབད་ཡོདཔ།

༉ བང་ལ་དེཤ་རྒྱལ་ཁབ་དེ་ དམག་འཁྲུགས་དང་ དཀའ་ངལ་ཚབས་ཆེན་གྱི་ གནས་སྟངས་ཅིག་ནང་སྦེ་ ལོ་ངོ་༥༠ གི་ཧེ་མར་ གཞི་བཙུགས་འབད་ཡོདཔ་ད་ རྒྱལ་ཁབ་དེ་གིས་ རང་དབང་གི་དོན་ལུ་ རྩ་འགེངས་ཏེ་ ལཱ་འབད་བའི་ གྲུབ་འབྲས་ཀྱི་སྲུང་ཚུ་ ད་རེས་ འཛམ་གླིང་ལུ་ བཏང་བའི་སྐབས་ རྒྱལ་ཁབ་དེ་ རང་དབང་རང་བཙན་ཨིནམ་སྦེ་ ངོས་འཛིན་འབད་མི་ རྒྱལ་ཁབ་དང་པ་ འབྲུག་གིས་ཡང་ ངོ་མ་སྦེ་ གྲལ་གཏོགས་འབད་ནི་ ཐོབ་མི་དེ་ དཔའ་ཉམས་ཅན་ཅིག་ཨིན་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ བང་ལ་དེཤ་གིས་ རང་དབང་ཐོབ་སྟེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་བའི་སྐབས་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་གིས་ གསུངས་ཡི།

བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་པའི་མི་སེར་ཚུ་གི་ ཐུགས་སྨོན་ཚུ་ ཞུ་ཚར་བའི་ཤུལ་ལུ་ ཁོ་ར་ དཔེ་ཆ་ལྷབ་སའི་རྒྱབ་ཁབ་ བང་ལ་དེཤ་དེ་ ཁོ་རའི་དོན་ལུ་ རྒྱལ་ཁབ་གཉིས་པ་སྦེ་ བརྩི་འཇོག་འབད་དོ་ཡོདཔ་བཞིན་དུ་ རྒྱལ་ཁབ་དེ་ནང་ ནམ་ར་འབད་རུང་ ལོག་འོང་བའི་སྐབས་ དགའ་བ་སྦོམ་སྦེ་ར་ བྱུངམ་མས་ཟེར་གསུངས་ཡི།

ཨིན་རུང་ ད་རེས་ཀྱི་ཐད་ཁར་ ལོག་འོང་དགོ་པའི་ གནད་དོན་སོ་སོར་དང་ ཁག་ཆེ་དྲགས་ཅིག་ ཨིན་ཟེར་གསུངས་ཡི།

དེ་ཡང་ ཁོ་ར་ འཛམ་གླིང་ནང་ མིག་དཔེ་དང་ བློ་སྟོབས་ཅན་གྱི་དབུ་ཁྲིདཔ་ བློན་ཆེན་ཤེག་ཧ་སི་ན་ལས་སྦེ་ བང་ལ་དེཤ་རྒྱལ་ཁབ་ཀྱི་ སྲུང་ཉན་པར་ འོང་མི་དེ་ཨིན་ཟེར་ ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ དུས་སྟོན་དེ་གིས་ བང་ལ་དེཤ་གི་མི་ཚུ་ རྐྱངམ་གཅིག་མེན་པར་ ལུང་ཕྱོགས་ནང་གི་ མི་སེར་ག་ར་ལུ་ སེམས་ཤུགས་བྱིནམ་ཨིན་མས་ཟེར་ ཨིན་པས།

ད་རེས་ འཛམ་གླིང་ནང་ ནད་ཡམས་ཀོ་བིཌ་-༡༩ དེ་གིས་ མི་གི་ཚེ་སྲོག་དང་ འཚོ་བའི་གནས་སྟངས་ལུ་ བར་ཆད་རྐྱབ་ཡོདཔ་ཨིན་རུང་ བང་ལ་དེཤ་གིས་ ལེགས་ཤོམ་སྦེ་ ཚད་འཛིན་འབད་ཚུགས་མི་ལུ་ ངལ་རངས་ཡོད་ཟེར་གསུངས་ཡི།

མ་གཞི་ རྒྱལ་ཁབ་༢ ཀྱི་བར་ན་ ཟུང་ཕྱོགས་ཀྱི་ ལས་སྣ་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དགོཔ་ཡོད་རུང་ ད་རེས་ཁོ་ར་ འོང་དགོ་པའི་དམིགས་དོན་དེ་ བང་ལ་དེཤ་རྒྱལ་ཁབ་ཀྱི་ གཞི་འགྱམ་བཙུགས་མི་ ཤེག་མུ་ཇི་བར་ ར་མཱན་ལུ་ གུས་བཏུད་ཞུ་བར་རྐྱངམ་གཅིག་ ཨིན་ཟེར་ཟེར་ཨིན་པས།

བློན་ཆེན་གྱིས་ བང་ག་ལིའི་ཁ་སྐད་ནང་སྦེ་ ཚིག་བཅད་དག་པ་ཅིག་ གསུངས་བའི་ཤུལ་ལུ་ ཤེག་མུ་ཇི་བར་ ར་མཱན་གྱི་སྐུ་པར་ ལག་ལེན་འཐབ་སྟེ་བཟོ་མི་ རྗེས་དྲན་འགྲེམ་རྟགས་དེ་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་ལུ་ རྩིས་སྤྲོད་གནང་ཡི།

དེ་གི་རྟིང་ཤུལ་བདའ་སྟེ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ སྡེ་ཚན་གྱིས་ རང་ལུགས་ཀྱི་ གླུ་གཞས་དང་ འཆམ་ཚུ་ཡང་ སྤྱན་འབུལ་ཕུལ་ཡི།

བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་གིས་འབད་བ་ཅིན་ ད་རེས་ དུས་སྟོན་དེ་གི་དོན་ལུ་ མལ་དིབསི་དང་ ཤྲི་ལངྐ་ འབྲུག་ དེ་ལས་ ནེ་པཱལ་གྱི་ དབུ་ཁྲིད་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་བཞིན་དུ་ བང་ལ་དེཤ་དེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ དབུ་ཁྲིདཔ་ཚུ་གི་དོན་ལུ་ ལོག་འཛོམས་སའི་ ས་ཁོངས་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ ཁྱིམ་ཚང་རྒྱལ་ཁབ་ ཐག་ཉེ་ཤོས་ཅིག་ཨིན་པའི་ཁར་ ཆ་རོགས་དགའ་ཤོས་ཅིག་ ཨིན་ཟེར་ཨིན་པས།

འབྲུག་དང་ བང་ལ་དེཤ་རྒྱལ་ཁབ་༢ ཐག་ཉེ་བའི་ཁར་ རྒྱལ་རབས་དང་ སྔར་སྲོལ་་ཚུ་ཡང་ ཆ་འདྲ་སུ་སྦེ་ཡོདཔ་ད་ དཔྱེ་འབད་བ་ཅིན་ འབྲུག་དང་ བོད་ལུ་ ནང་པ་སངས་རྒྱས་ཀྱི་ ཆོས་དར་ཁྱབ་གཏང་མི་ ཏི་ལོ་པ་དེ་ཡང་ བང་ལ་དེཤ་ལུ་ འཁྲུངས་ནུག་ཟེར་ཨིན་པས།

བང་ལ་དེཤ་གིས་ རང་དབང་གི་དོན་ལུ་ དམག་རྐྱབ་པའི་སྐབས་ འབྲུག་རྒྱལ་༣ པ་ ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱབ་སྐྱོར་སྦོམ་སྦེ་ར་ གནང་ཡོདཔ་མ་ཚད་ རྒྱལ་ཁབ་དེ་ རང་དབང་རང་བཙན་ཨིནམ་སྦེ་ ངོས་འཛིན་འབད་མི་ རྒྱལ་ཁབ་དང་པ་ཅིག་ཡང་ ཨིན་ཟེར་ཨིན་པས།

མ་གཞི་ བང་ལ་དེཤ་དེ་ སྤྱི་ལོ་༡༩༧༡ ཟླ་༡༢ པའི་ཚེས་༡༦ ལུ་མ་གཏོགས་ རང་དབང་མ་ཐོབ་རུང་ མི་དབང་འབྲུག་རྒྱལ་༣ པ་མཆོག་གིས་ རང་དབང་མ་ཐོབ་པའི་ ཧེ་མ་ལས་ སྤྱི་ལོ་༡༩༧༡ ཟླ་༡༢ པའི་ཚེས་༦ ལུ་ ངོས་འཛིན་གནང་ཡི་ཟེར་ཨིན་པས།

ཉིན་གྲངས་༡༠ གྱི་རིང་ འགོ་འདྲེན་འཐབ་མི་ དུས་སྟོན་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༧ ལུ་ བང་ལ་དེཤ་རྒྱལ་ཁབ་ གཞི་འགྱམ་བཙུགས་མི་ བང་ལ་བཱོན་དུ་ ཤེག་མུ་ཇི་བར་ར་མཱན་འཁྲུངས་སྟེ་ མི་ལོ་༡༠༠ འཁོར་བའི་ དུས་སྟོན་དང་འབྲེལ་ འགོ་བཙུགས་ཡོད་མི་དེ་ ད་རིས་ རང་དབང་གི་ཉིནམ་ བརྩི་སྲུང་ཞུ་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།

ད་ལྟོ་ཚུན་ ནེ་པཱལ་དང་ མཱལ་དིབསི་ ཤྲི་ལངྐ་ དེ་ལས་ འབྲུག་གི་བློན་ཆེན་ཚུ་ བྱོན་ཡོདཔ་ད་ ད་རིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་བྱོན་ནི་ཨིན་པས།

ཁ་ཙ་ བློན་ཆེན་མཆོག་ འབྲུག་ལུ་ ལོག་ཕེབས་གནང་བའི་ཤུལ་ལས་ སྤ་རོ་གནམ་ཐང་ནང་ བཀག་བཞག་མི་ སྣུམ་འཁོར་དེ་ ཆ་རོགས་ག་ཡང་མ་ཁྱིད་བར་ ཁོ་རང་གིས་བཏང་སྟེ་ ཐིམ་ཕུག་ལུ་ ཉིན་གྲངས་༢༡ གི་ ཟུར་བཞག་ནང་ བྱོན་ཡོད་པའི་གནས་ཚུལ།

ཌཱ་ཀ་ལས་ ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *